མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-04-09 13:22:49     རྩོམ་པ་པོ།   ཤེས་རབ་བསཏན་དར།     ཀློག་ཐེངས།  

ཁྲི་ཀ་ནི་ཨ་མདོའི་བོད་ཀྱི་རིག་གནས་རྫོང་མཐུག་པའི་ས་ཆ་ཞིག་ཡིན།དེང་སང་རྒྱ་མི་རྣམས་ཀྱིས་མཚོ་སྔོན་གྱི་ཅང་ནན་དུ་འབོད་ཅིང་།མི་རིགས་གཞན་ཇེ་མང་དང་གཉུག་མར་གནས་པའི་བོད་པ་ཇེ་ཉུང་དུ་གྱུར། ཡང་ན་རྣམ་པ་གཞན་དུ་གྱུར།ངས་ཁྲི་ཀ་ནས་བདེ་སྲུང་གསར་རྒོད་ཅིག་མཐོང་། ཁོས་འདྲེ་སོགས་སྣ་ཚོགས་མཐོང་ཟེར། ཡིན་ཡང་།བོད་མི་དེ་དག་གིས་སྔར་བཞིན་ཉམ་ཆུང་བའི་ངང་བོད་ཀྱི་རིག་གནས་འཛིན་སྐྱོང་གནང་བཞིན་ཡོད།

སྔོན་ཆད་སྡེ་བ་རེ་ན་དགོན་པ་རེ་ཡོད་ཅེས་གྲགས་ཤིང་།དགོན་པ་དེ་དག་ད་དུང་ཨུ་ཚུགས་ཀྱིས་གནས། མཆོད་རྟེན་སྐེའི་དགོན་པ་འདི་ཀ་རིང་ན་ཡོད་སྐད་ཐོས་ཀྱང་།ཀ་རིང་གི་གང་ཞིག་ན་ཡོད་མེད་ཚོད་དཔག་བྱེད་མ་ཐུབ། 

འདིར་ངག་ཐོག་ནས་ག་གཞུར་དུ་འབོད་དོན་ནི། སྡེ་འདིའི་ས་འཛིན་པ་ཐོག་མ་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ གི་ཆོས་འཁོར་ཚོ་བ་བཅུ་གཉིས་སམ་ཤིས་ཚང་ཚོ་བའི་ནང་ཚན་ཏེ། ག་གཞུར་ཞེས་ པའི་ཚོ་བ་དེ་ནས་ཕྱོགས་འདིར་མཆེད་འོངས་ནས་གཞིས་ཆགས་པས།ཚོ་བའི་རང་མིང་མ་འགྱུར་བར་སྡེ་བ་འདི་ལ་ཐོགས་ནས་ད་ལྟའི་ བར་རྒྱུན་འབྱམས་སུ་གྱུར་པ་ཞིག་ཡིན་པར་བཤད། 

ཡིག་ཐོག་ནས་ཀ་རིང་དུ་འབྲི་དོན་ནི། སྐུ་ཕྱོགས་དགུ་རོང་སྐུ་ཕྲེང་གསུམ་ པ་སྟེ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཚང་ཀ་རིང་དུ་ཕེབས་དུས། ག་ གཞུར་ཞེས་པ་དེ་ཀ་རིང་དུ་བཅོས་སྟབས། དེ་ནས་བཟུང་ད་ལྟ་ཡིག་ཐོག་ནས་ཀ་རིང་དུ་འབྲི་བའི་ཕྱག་རྒྱུན་འདི་རྒྱུན་འབྱམས་སུ་གྱུར་པར་བཤད། 

མཆོད་རྟེན་སྐེ་དགོན་པ་ནི་ཁྲི་ཀ་རྫོང་མཁར་ནས་སྤྱི་ལེ་ཉེར་བཞི་དང་ཕྱེད་ཀྱིས་ཆོད་པའི་ས་སྟེ། དེང་གི་ཀ་རིང་ཡུལ་ཚོའི་ནུབ་ཕྱོགས་ཀྱི་སྤྱི་ལེ་གཅིག་དང་ཕྱེད་ཀའི་མཚམས་སུ་ཆགས་ཡོད་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན་ལ་ དགོན་པའི་མཚན་ཆ་ཚང་ལ་མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཟེར། 

དགོན་པ་འདི་ནི་སྒོ་མེ་གྲགས་པ་རྒྱ་མཚོ་ཟེར་བའི་མཁས་པ་དེའི་དགོན་པ་ཡིན་སྐད། མདོ་སྨད་ཆོས་འབྱུང་ལས།བྱ་ཁྱུང་སྟོད་ན་སྒོ་མེ་སྟོད་སྨད་གཉིས་ཡོད་པའི་སྨད་དུ་མཆོད་རྟེན་སྐེས་དགོན་ཆེན་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ནི། ཐོག་མར་སྨྲ་བའི་ཁྱུ་མཆོག་སྒོ་མེ་གྲགས་པ་རྒྱ་མཚོས་བཏབ་པ་ཡིན་ལ། ཞེས་གསུངས།

སྒོ་མེ་གྲགས་པ་རྒྱ་མཚོ་འདི་བའི་ལོ་རྒྱུས་ནི་མདོ་སྨད་ཆོས་འབྱུང་ལས།འདི་པ་རྨ་ཆུ་ཁའི་སྒོ་མེ་ཧོར་ཀྱཱ་ནས་འཁྲུངས་པས་ཧོར་ཀྱཱའི་གྲགས་རྒན་ཟེར། དབུས་སུ་ཕེབས། ཀླུ་འབུམ་སྤྱི་ཁང་གོང་མའི་ར་སྐོར་དུ་མཚན་འཁྱོངས་སྐབས་གཟིམས་དཀྲོག་བྱེད་དུ་བརྡུང་བའི་རྡོ་ཀོང་དང་། གཤག་ཏུ་མགྲིན་པ་དང་གདུང་མ་སྦྲེལ་བྱེད་འཆར་ལོང་རྟེན་དུ་ཡོད་འདུག །གྲྭ་ཐོག་དེར་སྒོ་མང་དགེ་བཤེས་ཆེ་གྲས་ཡིན་པ་ཙམ་དུ་མ་ཟད། སྨྲ་ངན་ཚར་གཅོད་པ་ལ་རྣམ་དཔྱོད་མཆོག་ཏུ་གྱུར་པའི་མཚན་ཉིད་པ་མགོ་མཁྲེགས་ཀྱི་ཚད་དུ་གྲགས། ཞེས་གསུངས། 

སྐུ་འབུམ་རྒྱུད་པའི་ཁྲི་རབས་བཅུ་གཉིས་པ་སྨྲ་བའི་ཁྱུ་མཆོག་སྒོ་མེ་གྲགས་པ་རྒྱ་ མཚོ་ནི། ཁྲི་ཀའི་ཧོར་ཀཱར་འཁྲུངས། ཁོང་དབུས་སུ་ཕེབས་ནས་འབྲས་སྒོ་མང་གྲྭ་། ཚང་དུ་ཞུགས། བཀའ་པོད་ཀྱི་གཞུང་ལ་ཐུགས་གཉེར་རྡོ་རུས་ཐུག་པ་གནང་། དུས་ ཐོག་དེར་ཁོང་སྒོ་མང་དགེ་བཤེས་ཆེ་གྲས་ཡིན་པར་མ་ཟད། སྨྲ་ངན་ཚར་གཅོད་པ་ལ་ རྣམ་དཔྱོད་མཆོག་ཏུ་ཡངས་པའི་གྲགས་པ་ཕྱོགས་སུ་རྒྱས།  5རྒྱལ་དབང་མཆོག་གིས་ཕྱིས་བཀའ་ཤོག་དང་གདུགས་དར་སོགས་གནང་། ཕྱིས་མདོ་སྨད་དུ་ཕེབས་ཏེ་གྲུབ་ ཆེན་སྐལ་ལྡན་རྒྱ་མཚོའི་ཞབས་ལ་གཏུགས་ནས་ཐོས་བསམ་གྱི་ཉམས་ལེན་ལ་འབད། 

རབ་ཉི་མེ་གླང་ཕྱི་ལོ་  1695 ལོར་སླར་ཡང་དབུས་སུ་ཕེབས་ནས་ཀུན་མཁྱེན་འཇམ་ དབྱངས་བཞད་པའི་རྡོ་རྗེ་སོགས་བཤེས་གཉེན་དུ་མ་བསྟེན་ནས་ཆོས་བཀའ་མང་དུ་གསན། སླར་མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་རྒྱུད་པའི་བླ་མ་དབུ་མཛད་དང་རྒྱུད་པའི་ཁྲིར་བཞུགས་ ནས་སྒྲིག་ལམ་ཀུན་སྤྱོད་སོགས་ལ་སྐྱོང་བཀུར་སྔར་ལས་ལྷག་པ་མཛད།

ནེའུ་ལུང་ ངག་དབང་ཚུལ་ཁྲིམས་རྒྱ་མཚོས་དགོན་རྙིང་བཀྲ་ཤིས་ཆོས་གླིང་ཕུལ་བ་ཕྱིས་ཕྱི་ལོ་  150 9 ལོར་རྒྱལ་མོ་རིའི་ཞོལ་ད་ལྟའི་གནས་འདིར་སྤོར་ནས་ཁྲི་ཀའི་མཆོད་རྟེན་སྐེ་དགོན་པ་གསར︽དུ་བཏབ་ཅེས་གྲགས། ཁོང་གིས་མཐུན་རྐྱེན་གང་ཡོད་སྦྱར་ནས་དགོན་པ་གསར་བསྐྲུན་ གྱི་སྐོར་ལ་བཀའ་བཀོད་གནང་སྟེ་འདུ་ཁང་དང་ལྷ་ཁང་སོགས་རྟེན་བརྟེན་པ་གསར་བཞེངས་མཛད་དེ་མཚན་ལ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཞེས་གསོལ། དུས་དེར་སྒོ་མེ་གྲགས་པ་རྒྱ་མཚོ་ཞེས་མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ ཤིང་། ཁོང་གིས་སྒོ་མེ་གོང་འོག་བར་གསུམ་གྱི་གྲྭ་རྒྱུན་བསྡུས་ཏེ་དགེ་འདུན་ཞལ་ གྲངས་ལྔ་བརྒྱ་ཙམ་བཞུགས་སྐད། རྒྱུད་སྡེའི་སྒྲུབ་མཆོད་དང་མཚན་ཉིད་གསར་དུ་ བཙུགས། ཆོས་གྲྭར་འགྲིམ་མཁན་རྣམས་ལ་དཔེ་ཁྲིད་དང་རྒྱུགས་བརྩི་བཞག་འཛིན་སྐྱོར་སྦྱང་སོགས་ལ་རྟིང་སྐུལ་མཛད་དེ། འཆད་ཉན་ཡར་ངོའི་ཟླ་བཞིན་འཕེལ་ཞིང་ རྒྱས་པར་བསྐྱངས། དེ་ལྟར་ཁོང་གི་བཞེད་པ་མཐའ་དག་ལྷུན་གྱིས་གྲུབ་ནས་མཐར་རབ་ ཉི་ས་བྱ་ཕྱི་ལོ་  1529 ལོར་སྐུའི་བཀོད་པ་བསྡུས་སོ། །

དེང་གི་ལོ་རྒྱུས་དག་ཏུ།སྤྱི་ལོ1555ལོར་ཨ་ལགས་ནེའུ་ལུང་ཚང་གིས་ཕྱག་འདེབས་མཛད་པ་དང་། རབ་བྱུང་བཅུ་གཉིས་པའི་སྒང་ཙམ་ལ་ནེའུ་ལུང་སྐུ་ཕྲེང་གསུམ་པ་ངག་དབང་ཚུལ་ཁྲིམས་རྒྱ་མཚོས་བཀྲ་ཤིས་ཆོས་གླིང་དགོན་འདི་སྒོ་མེ་གྲགས་པ་རྒྱ་མཚོར་ཕུལ། 

རབ་ཉིས་གླང་སྤྱི་ལོ1709ལོར་སྒོ་མེ་གྲགས་པ་རྒྱ་མཚོས་རྐྱེན་འགའ་ཞིག་གི་དབང་གིས་ད་ལྟའི་གནས་འདིར་སྤར་ནས་དགོན་པའི་རྟེན་དང་བརྟེན་པ་ཡོངས་བཞེངས་ཟེར། 

སྐུ་ཕྲེང་གསུམ་པ་ནས་སྒོ་མེ་ལྕང་རའི་མགོན་ཀྱཱ་སྡེ་བ་ནས་སྐུ་འཁྲུངས་པས་ཨ་ལགས་མགོན་ཀྱཱ་ཟེར།སྐུ་ཕྲེང་བཞི་བའི་རིང་ལ་ལ་མཆོད་རྟེན་སྐེས་དགོན་པ་རྒོད་རྩེ་བྲག་རྩར་སྤོས། སྐུ་ཕྲེང་ལྔ་བ་བློ་བཟང་ཚུལ་ཁྲིམས་བསམ་གཏན་རྒྱ་མཚོ་སྐུ་འབུམ་དུ་སློབ་གཉེར་གནང་། སྨན་པ་གྲྭ་ཚང་དང་ཁྲི་བར་བཞུགས། ཁྲི་ཟུར་གནང་ནས་མཆོད་རྟེན་སྐེས་དགོན་པར་གཏན་བཞུགས་གནང་།  དགེ་འདུན་སུམ་བརྒྱ་ལྷག་བཞུགས། དེ་དག་ལ་གོང་མའི་མཛད་ནས་ཕོགས་གནང། སྒོ་མང་ཡིག་ཆའི་སྟེང་ནས་འཆད་ཉན་གྱི་ཕྱོགས་ལ་ལྟ་སྐུལ་གང་ལེགས་གནང་། 

རབ་ཚེས་ལྕགས་ལུག་ལོར་དགོན་པ་ཇག་དམག་གིས་གཏོར་རྗེས་སླར་ཡང་ད་ལྟའི་གནས་སུ་སྤོར། 

དེ་རིང་ཆེད་དུ་དགོན་པ་འདིར་མཇལ་དུ་སོང་བས་དགོན་པ་འདི་གཞུང་ལམ་གྱི་ཉེ་སར་འདུག་པ་ཤེས། ལམ་ཕྲན་ཞིག་དེད་ནས་ཐོད་ཅིག་ལ་བུད་དུས་དགོན་པ་མཐོང་ཞིང་། དགོན་པའི་གོང་གི་སྐེ་ན་མཆོད་རྟེན་འགའ་འདུག  མཆོད་རྟེན་སྐེ་ཞེས་པ་དེ་ཡིན་ནམ་སྙམ། 

ངེད་ཚོས་ཁྱམས་རར་སླེབས་དུས་ཧ་ལས་པ་ནི་དགོན་པ་འདི་གནའ་བོའི་འཛུགས་སྐྲུན་རྙིང་བ་མ་ཉམས་པར་འདུག་པ་དེ་རེད། ཅིའི་ཕྱིར་དགོན་པ་འདི་གནའ་བོའི་འཛུགས་སྐྲུན་རྙིང་བ་མ་ཉམས་པར་འདུག་པ་ཡིན་ནམ།  

རྗེས་སུ་ཤེས་པ་ལྟར་ན་ཚོགས་ཆེན་འདུ་ཁང་འདི་ཉིད་དཀར་བརྗིད་ཞིང་གི་འབྲུ་མཛོད་ཁང་བྱས་པ་དང་། ཁྱམས་ར་རྔ་ཁང་སུམ་ཐོག་ཅན་བཅས་ལའང་རིག་གསར་ལོ་བཅུའི་གནོད་པ་མ་བྱུང་བ་ནི་ཆེས་ངོ་མཚར་བ་ཞིག་མ་ཡིན་ནམ། འདི་ལས་ཤེས་ཐུབ་པ་ནི་སྐྱེས་བུ་དམ་པ་ཞིག་གིས་ཐབས་ཀྱིས་བསྐྱབས་པ་དེ་ཡིན། 

དགོན་པ་འདིའི་ལྷ་སྡེ་ལ་སྒོ་མེ་གོང་འོག་བར་གསུམ་གཙོ་བྱས་པའི་དད་ལྡན་མང་ཚོགས6000ལྷག་ཡོད་ཅིང་། ལོ་རྒྱུས་སྟེང་དགོན་པར་བླ་སྤྲུལ10དང་དགེ་ འདུན་པ500ལྷག་ལ་བུད་མྱོང་། མིག་སྔར་བླ་སྤྲུལ3དང་དགེ་འདུན་པ15ཡོད། 

དགོན་སྡེ་འདི་ཨ་ལགས་ནེའུ་ལུང་ཚང་དང་ཨ་ལགས་མགོན་ཀྱཱ་ཚང་གཉིས་ཀྱིས་རེས་མོས་ཀྱིས་བདག་སྐྱོང་བྱེད་ཀྱིན་ཡོད་ལ་དགོན་པའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ33350ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9597ཡོད། འདུ་ཁང་གཙོ་བོ་ལ་སྤྱི་ ལོ1709ལོའི་ཡས་མས་སུ་གསར་བཞེངས་མཛད་པའི་ཚོགས་ཆེན་སྤྱིའི་བླ་བྲང་། བྱམས་ཁང་། འཆམ་པ་གྲྭ་ཚང་། བདག་འཇུག་གྲྭ་ཚང་དང་བཅས་ཡོད་ལ། དེའི་རྗེས་སུ་གསར་དུ་བཞེངས་པའི་ཡུལ་ལྷའི་ལྷ་16 རྒྱལ་བོའི་ལྷ་ཁང་། མན་ཁང་སོགས་ཡོད། རྟེན་གཙོ་བོ་ལ་རྗེ་རིན་པོ་ཆེའི་སྐུ་བཞུགས་ཡོད། 

ངེད་ཅག་ལམ་ནས་གཞན་ཞིག་གིས་སྒུག་ཡོད་པས་བྲེལ་མ་འཚུབ་ཀྱིས་ཕྱིར་འགྲོ་བའི་ལམ་དུ་བཞུད།འོན་ཀྱང་རྒྱུས་ཅུང་ཟད་ཀྱང་མ་ལོན་ཞིང་འདྲི་སའང་མ་རྙེད་པས་ཕངས་པ་དང་བཅས་འགྲོ་དགོས་བྱུང་ནའང་། ད་དུང་ཕྱིར་ཐེངས་གཅིག་ཡོད་དགོས་སྙམ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།