སིངྒ་ལའི་གླིང་དུ་གནས་མཇལ་དུ་བསྐྱོད་པའི་ཟིན་ཐོ།(དྲུག་པ)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-08-23 17:11:17     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།    ཀློག་ཐེངས།  

微信图片_20240823171609.jpg

ཉིན་ལྔ་བ། སྟོན་པ་ཕེབས་ཡུལ་ཁུ་ལེན་ཎི་ཡར་མཇལ་བ།

ཕྱི་ཟླ༤པའི་ཚེས༢༩ཉིན་ཏེ་གཟའ་སྤེན་པའི་ཞོགས་པར་ཀནྡྷེ་གྲོང་གི་རི་ངོས་ཀྱི་མགྲོན་ཁང་ལས་ལངས་དུས།  རི་བོའི་ངོགས་སྨུག་སྤྲིན་སྲབ་མོས་གཡོགས་ཤིང་ཁོར་ཡུག་ཀུན་ལ་མེ་ཏོག་གི་དྲི་བསུང་ལྡང་།  བྱ་དང་བྱེའུས་སྐད་སྙན་བར་མེད་དུ་འབྱིན།  ཆུ་ཕྲན་དག་ལྷུང་ལྷུང་གིས་འབབ་ལ།  ཡུད་ཙམ་ནས་སྨུག་སྤྲིན་དྭངས་པས་རྒྱང་རིང་གི་རི་བོ་དག་སྤྲིན་དཀར་པོའི་གསེབ་ན་རྩེ་མོ་ཡར་འཕགས་ཤིང་།  རི་སུལ་དག་ཏུ་བཀོད་པ་མཛེས་པའི་ཁང་བཟང་དང་གྲོང་ཁྱིམ་དག་ཉམས་དགའ་ལ་བག་ཕེབས་སུ་གནས་པ་སོགས་ཀྱིས་ཞག་གཅིག་གནས་མལ་དུ་བསྟེན་པའི་རི་གྲོང་འདི་ཉིད་མི་ཡུལ་གྱི་ཆེས་མཛེས་ལྗོངས་ཤིག་ཏུ་སྣང་།  སྐབས་དེར་ཐོལ་བྱུང་གི་སྙན་ཚིག་ཅིག་བྲིས་པ་འདི་ལྟར།

ཞོགས་པའི་སྨུག་སྤྲིན་མཛེས་པའི་ཀློང་ན་ལྷུན་ཆགས་རི་བོ་ནགས་ཀྱིས་བརྒྱན། །

དྭངས་གཙང་ཆུ་ཕྲན་འབབ་པའི་སྒྲ་དང་བྱ་བྱེའུའི་སྐད་སྙན་རྣ་བར་ལྷུང་། །

རབ་མཛེས་དཀར་དམར་ཕྲ་ཚོམ་མེ་ཏོག་དྲི་བསུང་ཞིམ་པོ་སྣ་ལ་ཐོགས། །

ཨེ་མ་ཞག་གཅིག་མལ་དུ་བསྟེན་པའི་ཀནྡྷེའི་ཡུལ་དེ་སྙིང་དུ་སྡུག ། ཅེས་པའོ། །

དེ་ནས་དུས་ཚོད་གསུམ་ལྷག་ལ་བསྐྱོད་མཐར། སྔོན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞབས་ཀྱིས་བཅགས་པའི་ཡུལ་གནས་མཆོག་ཁུ་ལེན་ཎི་ཡར (Kelaniya) སླེབས། ཡུལ་འདི་སྟོན་པ་མཆོག་སིངྒ་ལའི་གླིང་དུ་ཐེངས་གསུམ་པ་ཕེབས་པའི་གནས་ཏེ། སངས་རྒྱས་ནས་ལོ་བརྒྱད་པའི་སྐབས་ཀླུའི་རྒྱལ་པོ་མཱ་ཎི་ཁི་ཁཱ་མཆོག་ནས་གདན་ཞུས་ལྟར་ཕེབས་ལ། དེའི་སྐབས་སྟོན་པ་འཁོར་དགེ་སློང་ལྔ་བརྒྱ་དང་བཅས་ཕེབས་ནས་ཀླུ་རྒྱལ་འཁོར་བཅས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཡིན་པར་བཤད། དགོན་པའི་ནང་གནའ་བོའི་གཙུག་ལག་ཁང་དང་མཆོད་རྟེན་གྲགས་ཅན་ཞིག་བཞུགས་ལ། དེ་ནི་དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས་སངས་རྒྱས་པའི་ལོ་བརྒྱད་པའི་ས་གའི་ཉ་ལ་ལྷ་ལ་ཆོས་སྟོན་དུ་བྱོན་པ་དེའི་ཤུལ་དུ་མུཀྱངྒ་མུ་སྟེགས་ཡན་ལག་བྱ་བའི་མཆོད་རྟེན་བརྩིགས་པ་ད་ལྟ་བདོལའི་གྲོང་ཁྱེར་དབུས་སུ་བཞུགས། གནས་དེ་ཀུན་གནས་བརྟན་དབང་ཆེན་སྡེས་ངོས་འཛིན་མཛད་ཅིང་། རྒྱལ་བོ་སྐར་རྒྱལ་གྱིས་མཆོད་རྟེན་བཞེངས་ཞེས་གྲགསཞེས་ད་ལྟའི་བདོལའི་གྲོང་ཁྱེར་དུ་ཕེབས་པར་བཤད་པ་དང་གནས་འདི་གཉིས་གཅིག་ཡིན་མིན་དཔྱད།

དགོན་པ་འདི་སིངྒ་ལ་རྣམས་ཀྱིས་གནས་གལ་ཆེན་ཞིག་ཏུ་བརྩི་ལ་དེང་གི་སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོ་ (Colombo) ཡི་ནུབ་ཕྱོགས་སུ་ཆགས། དགོན་མིང་ཆ་ཚང་ལ་ (Kelaniya Raja Maha Viharaya)  ཞེས་འབོད། ལོ་ངོ་ཉིས་སྟོང་གི་ལོ་རྒྱུས་ལྡན་ལ་ཆགས་འཇིག་ཀྱང་མང་དུ་བྱུང་བར་བཤད། དགོན་པའི་ནང་གནའ་བོའི་གཙུག་ལག་ཁང་ཆེན་པོ་བརྗིད་ཅིང་མཛེས་པ་ལ་རྡོ་རྐོས་དང་ཚོན་རིས་རྣམ་པར་བཀྲ་ཞིང་། དཔངས་མཐོ་ལ་སྟེང་སོ་ན་སྒལ་འཛིང་རྫ་གཡམ་གྱིས་བསྐྲུན་པ་དང་། དབྱིབས་ཟུར་བརྒྱད་ཀྱིས་གྲུབ་པ་སྟེ་མདུན་ངོས་ན་ཟུར་དྲུག་དང་རྒྱབ་ན་ཟུར་གཉིས་དང་བཅས་བརྒྱད་ཀྱིས་གྲུབ། ཕུག་གི་དྲི་གཙང་ཁང་དུ་སྟོན་པའི་སྐུ་བརྙན་ཆེན་པོ་དང་། བར་འཁྱམས་སོགས་སུ་སྟོན་པའི་སྐུ་བརྙན་དང་སྐྱེས་རབས་དང་སྟོན་པ་སིངྒ་ལར་ཕེབས་པའི་རི་མོ་སོགས་བྲིས་པ་ནི་ ༼མེ་ཏོག་འཕྲེང་རྒྱུད་༽ ལས།  ཁང་བཟང་མཆོག་གི་ངོས་དག་ཏུ། ། ཐུབ་པའི་སྔོན་གྱི་སྐྱེས་པའི་རབས། ། ཞེས་པ་ལྟར་ལགས། ཕྱི་རོལ་ན་བྱང་ཆུབ་ལྗོན་པ་ཅུང་ཆེན་པོ་ཞིག་དང་སྟོན་པའི་སྐུ་བཅས་བཞུགས་པ་དེ་ནི་སྔོན་སྟོན་པ་མཆོག་གིས་ཆོས་འཁོར་སྐོར་སའི་གནས་ཡིན་པར་བཤད། མི་མང་པོས་མཆོད་མེ་དང་མེ་ཏོག་བསྣམས་ནས་ལྗོན་པ་ལ་སྐོར་བ་དང་མདུན་དུ་སྒོམ་རྒྱག་པར་བྱེད། འགའ་ཞིག་གིས་བུམ་པའི་ནང་ཆུ་བསྣམས་ནས་བྱང་ཆུབ་ལྗོན་པའི་རྩ་ཆུ་ལྡུགང་ཚོས་ཀྱང་མཆོད་མེ་དང་མེ་ཏོག་བཟུང་ནས་བཟང་སྤྱོད་སྨོན་ལམ་གྱིས་མཚམས་སྦྱར་ཏེ་སྐོར་བ་ལན་གསུམ་བྱས། གཙུག་ལག་ཁང་གི་གཡོན་ཕྱོགས་ན་དྲིལ་གཟུགས་ཀྱི་མཆོད་རྟེན་ཆེན་མོ་ཞིག་བཞུགས་པའི་ནང་རྟེན་དུ་སྔོན་ཀླུ་རྒྱལ་གྱིས་སྟོན་པར་ཕུལ་བའི་བཞུགས་ཁྲི་ཡོད་པར་བཤད། དེའི་འགྲམ་ན་སྐུ་གཟུགས་ཅུང་ཆེན་པོ་ཡར་བཞེངས་སྟབས་ཀྱི་རྣམ་ཅན་ཞིག་བཞུགས་པ་ནི་མ་འོངས་པར་འབྱོན་འགྱུར་གྱི་རྣམ་འདྲེན་ལྔ་བ་རྗེ་བཙུན་བྱམས་མགོན་ཡིན་ཟེར་ལ། སྐུ་ལ་རྒྱན་ཆ་སྤྲས་ཤིང་ཕྱག་གཡས་ན་པད་མ་དང་གཡོན་ན་བུམ་པ་བསྣམས་པ་ནི། རང་ཅག་གི་བཞེངས་ལུགས་ལྟར་གྱི་ཉེས་པའི་སྲས་ཆེན་བརྒྱད་དང་འདྲ་བའི་སྣང་བ་བྱུང་།

ང་ཚོ་མཇལ་ཚར་རྗེས་ཆར་བ་ཤག་ཤག་ཏུ་བབས་བྱུང་། དེ་ནི་སྟོན་པའི་ཞབས་ཀྱིས་བཅགས་པའི་གནས་མཆོག་ལ་མཇལ་བའི་སྦྲང་ཆར་ཟིམ་བུའི་རྒྱུན་གྱི་བྱིན་རླབས་ཀྱི་བདུད་རྩི་ཨེ་ཡིན་སྙམ་ལ། ང་ཚོས་དེ་གའི་བསིལ་ཁང་གི་བྱ་འདབ་ཅིག་ནས་རེ་ཞིག་ཆར་བྱོལ་བྱས། ཅུང་ཙམ་ནས་ཆར་བ་འབབ་མཚམས་བཞག་དུས་ཡང་བསྐྱར་ལམ་ལ་ཆས། ཡུད་ཙམ་ནས་རྒྱ་མཚོ་ཆེན་མོའི་འགྲམ་ངོགས་ན་ཆགས་པའི་སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོ་གྲོང་ཁྱེར་ལ་སླེབས་བྱུང་། གྲོང་ཁྱེར་ནང་དེ་འདྲའི་ཁང་བརྩེགས་མཐོན་པོ་དང་མི་ཚོགས་ཀྱི་འདུ་འགོད་ཆེར་མེད་ཀྱང་། སྲང་ལམ་ཀུན་གྲལ་དག་ལ་ལྗོན་པ་དང་མཚེའུས་བརྒྱན་ཞིང་། སྟོན་པའི་སྐུ་དང་ལྷ་ཁང་། ནང་བའི་ཆོས་དར་སོགས་མཐོང་ལ་མི་རྣམས་ཞི་དུལ་བག་ཕེབས་ཀྱིས་བསྐྱོད། གྲོང་ཁྱེར་ནང་གི་དགོན་པ་ཞིག་ལ་གནས་མཇལ་བྱེད་དུས་དགོན་པའི་དགེ་འདུན་པ་གཉིས་ཀྱིས་ལྷོ་རྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཞལ་བརྡ་གནང་། དགོན་འདིའི་དགེ་འདུན་པ་དག་སྐུ་ཡོན་ཆེ་ཞིང་བསླབ་ཁྲིམས་བཙུན་པར་བཤད། ང་ཚོས་དགོན་པའི་དཔེ་མཛོད་ཁང་ལ་གནས་སྐོར་ཀྱང་བྱས། དཔེ་མཛོད་ཁང་དུ་སིངྒ་ལ་རང་གི་སྐད་དང་ཨིན་ཡིག་གིས་བྲིས་པའི་ནང་བའི་དེབ་གཟུགས་མང་དུ་བཞུགས་ལ། པཱ་ལའི་སྐད་ཀྱི་དཔེ་རྙིང་ཡང་མང་དུ་བཞུགས། དགོང་མོའི་དུས་ཚོད་བཅུའི་སྟེང་རྒྱལ་ས་ཁོ་ལོམ་བྷོའི་གནམ་ཐང་ལ་བསྐྱོད་དེ། ནམ་གུང་གི་དུས་ཚོད་གཅིག་གི་སྟེང་ལྷོ་རྒྱུད་ཀྱི་ནང་བའི་རྒྱལ་ཁམས་སིངྒ་ལའི་གླིང་དང་གྱེས་ཏེ་ཐེ་ལེན་སྒྲའི་ཕྱོགས་སུ་འཕུར།

༦.jpg

གནས་མཇལ་དང་འབྲེལ་བའི་འཕྲོས་བཤད།

དེ་ལྟར་ལྷོ་རྒྱུད་ཀྱི་ནང་པའི་རྒྱལ་ཁམས་སིངྒ་ལའི་གླིང་གི་ཉིན་ལྔའི་གནས་མཇལ་འདི་ལྟར་མཇུག་བསྡུས། གླིང་འདིར་ནང་བའི་བསྟན་པ་རིན་པོ་ཆེ་སྟོན་པ་སངས་རྒྱས་ཞལ་བཞུགས་དུས་ནས་དར་ཏེ་ད་ལྟའི་བར་མ་ཉམས་པར་གནས་པས་མི་རྣམས་དད་པས་ཕྱུག་ཅིང་ཆོས་ཀྱི་གོ་བ་བཟང་ལ། རྒྱལ་ཁབ་ཀྱི་མི་གྲངས་བརྒྱ་ཆའི་དོན་ལྔ་ཡན་གྱིས་ནང་ཆོས་ལ་དད་པས་ནང་ཆོས་ནི་རྒྱལ་ཁབ་ཀྱི་ཆོས་ལུགས་ལྟ་བུར་གྱུར། འབར་མ་དང་ཁམ་པོ་སྒྲ་དང་ལོ་སི་རྒྱལ་ཁབ་རྣམས་ཀྱི་བསྟན་པའི་འབྱུང་ཁུངས་ཀྱང་འདི་ཉིད་ཡིན་པར་བཤད་ལ། དགེ་ཆོས་ཀྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས། གླིང་འདི་ནས་དགེ་འདུན་ལ་ཇི་ལྟར་གུས་པ་ནི་སངས་རྒྱས་བཞུགས་དུས་དང་ཕལ་ཆེར་ཁྱད་ཨེ་ཡོད་སྙམ། རིགས་ཆེན་པོའི་མི་དྲག་མགོ་སེ་ཡོར་རེ་བ་ཚོ་ཡང་། དགེ་ཚུལ་ཆུང་ངུ་ཞིག་གི་རྐང་བའི་དྲུང་དུ་པུས་མོ་བཙུགས་ནས་སྡོད། དགོན་པའི་ནང་དུ་སུ་འདྲ་ཞིག་སླེབས་ཀྱང་ས་སྒྲེ་བོ་ལ་སྡོད་པ་ལས་ཤིང་སྟེགས་ཙམ་ཡང་མི་འདིང་ཞེས་པ་ལྟར་དགེ་འདུན་ལ་གུས་བརྩི་ཧ་ཅང་ཆེ་ལ། དགེ་འདུན་དག་གིས་ཀྱང་ཚུལ་ཁྲིམས་ཀྱི་ཉམས་ལེན་གཙོ་བོར་བྱེད། ང་ཚོ་སིངྒ་ལའི་གནམ་གྲུའི་ནང་འཛུལ་མ་ཐག་གནམ་གྲུའི་ཞབས་ཞུ་མ་ཞིག་གིས་པུས་མོ་བཙུགས་ཏེ་ཕྱག་བྱེད་ལ། གླིང་ཡོངས་ལ་གནས་མཇལ་སྐབས་ཀྱང་དེ་ལྟར་ཕྱག་བྱེད་མཁན་ཧ་ཅང་མང་། དགེ་ཚུལ་སློང་དག་གི་ཆོས་གོས་ཀྱི་མདོག་དམར་སེར་ཤུགས་ཆེ་ལ་རང་ཅག་གི་དམར་ཤོས་ཀྱི་མདོག་ཅན་ཡང་མཐོང་། སྔ་དྲོ་བསོད་སྙོམས་ལ་ཕེབས་པ་དང་ཕྱི་དྲོའི་ཁ་ཟས་སྤང་བར་བྱེད། དགེ་སློང་གིས་སྐྱེས་པ་གཅོད་པ་དང་རིན་པོ་ཆེ་དང་རང་འགར་སྒོར་མོ་ལ་ཡང་མི་རེག་པ་སོགས་ཆོས་འདུལ་བའི་ལག་ལེན་ལྟར་བྱེད། བསོད་སྙོམས་ལ་སྤྱོད་པ་ནི་དགེ་སྦྱོང་གི་ཉམས་ལེན་གཙོ་བོ་ཞིག་དང་། དགེ་སློང་ཕྱི་དྲོའི་ཁ་ཟས་ལ་སྤྱོད་པ་ནི་གྲྭ་བ་མ་ཡིན་པ་ལྟ་བུ་དང་སྐྱ་སར་བབས་པ་དག་ནི་རང་ཅག་དང་འདྲ་བར་ཡག་ཏུ་མི་བརྩི། དགེ་སློང་དག་རྒྱུན་དུ་ཞབས་རྗེན་དུ་ཕེབས་པས་ཞབས་སོར་ཆེ་ཞིང་དཔུང་མགོ་ཡང་ཉི་མས་ཚིག་ནས་ནག་རོག་གེར་སྣང་། སྟོན་པ་བསྙེན་པར་རྫོགས་ནས་ལོ་ཞེ་ལྔ་ལོན་པ་བཞིན་དགེ་སློང་སུ་ཞིག་བསྙེན་པར་རྫོགས་ནས་ལོ་ཞེ་ལྔ་ལོན་པ་ན་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལྟ་བུའི་བརྩི་མཐོང་དད་གུས་བྱེད། དགེ་སློང་ལ་ཡང་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་ཙམ་ལ་དགེ་སློང་ཙམ་དང་བཅུ་ལོན་པའི་ཡན་ལ་གནས་བརྟན (Thero) དང་། ཉི་ཤུ་ལོན་པ་ནས་གནས་བརྟན་ཆེན་པོ (Maha Thero) ཞེས་མཚན་གསོལ། དེ་ལས་གཞན་སྡེ་བའམ་ཡན་ལག་རེ་རེའི་ནང་གོ་གནས་མཐོ་བའི་དགེ་སློང་དག་ལ་གནས་བརྟན་འདྲེན་པ་ཆེན་པོ་ (Maha Nayaka Thero) དང་རྗེས་སུ་འདྲེན་པ་ (Anunayaka Thero) ཟེར་བ་སྲིད་གཞུང་གི་བློན་དང་འདྲ་བའི་གོ་གནས་ཅན་ཡོད་པར་བཤད་ལ། དགེ་ཆོས་ཀྱིས་སིངྒ་ལར་བསྒྱུར་བའི་ ༼འཕགས་པ་གནས་བརྟན་པ་རྣམས་ཀྱི་མདོ་སྡེའི་སྡེ་སྣོད་བསྡུས་པ་ལས། ཕྲན་ཚེགས་ཀྱི་མདོ་ཕྲན་གཉིས་པ་ཆོས་ཀྱི་ཚིགས་སུ་བཅད་པ༽ ཞེས་པའི་མཇུག་རྩོམ་དུ་ཡངའདྲེན་པ་ཆེན་པོ་གནས་བརྟན་དྷརྨཱནནྡའི་ཞབས་དྲུང་དུ་ཞུས་ཏེ། སིངྒ་ལ་དཔལ་རལ་གྲིའི་རི་བོའི་དགོན་པར་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་ཞེས་པ་ལས་ཀྱང་གསལ། རང་ཅག་བོད་དང་འདྲ་བར་དགེ་སློང་མའི་སྡོམ་རྒྱུད་ཆད་པར་བཤད་ལ་དེང་བཙུན་མའི་སྡེ་ལ་ཡང་མཇལ་རྒྱུ་འདུག་པ་ནི་དགེ་ཚུལ་མ་ཡིན་ཟེར། གཙུག་ལག་ཁང་དང་མཆོད་རྟེན། བྱང་ཆུབ་ལྗོན་པའི་དྲུང་དུ་དགེ་ཚུལ་སློང་ལས་གཞན་ཁྱིམ་པ་རྣམས་ཀྱང་སྒོམ་ལ་ཞུགས་པར་བྱེད། ཉན་ཐོས་སྡེ་བར་བྱང་ཕྱོགས་སྡེ་ཚན་བདུན་གྱི་དང་པོ་དྲན་པ་ཉེར་བཞག་གི་སྒོམ་ལ་ཞུགས་པ་མང་པར་བཤད་པས་དེ་ཨེ་ཡིན་སྙམ་ལ། གླིང་འདིའི་ཁྱིམ་པ་དག་གིས་དགེ་འདུན་ལ་པུས་མོ་ས་ལ་ཕབ་ནས་ཕྱག་བྱེད་དུས་དགེ་འདུན་གྱིས་ཕྱག་གཉིས་ཐལ་མོ་སྦྱོར་ནས་ཆོས་ཀྱི་ཚིག་འགའ་བརྗོད་པ་ནི་བསྔོ་བ་ཨེ་ཡིན་ཡང་བསམ། རྒྱལ་ཁྲིམས་ནང་ཡང་དགེ་འདུན་པས་རླངས་འཁོར་བསྐོར་མི་ཆོག་པ་དང་བུད་མེད་དང་མཉམ་དུ་བསྡད་མི་ཆོག་པ་སོགས་ཀྱི་ཁྲིམས་ཡོད་པར་བཤད་ལ། ང་ཚོ་གནམ་གྲུ་ལ་སྡོད་དུས་ཞབས་ཞུ་མ་ཞིག་གིས་ང་ཚོ་དང་འདུག་སྟེགས་གྲལ་ཤར་གཅིག་ཏུ་ཡོད་པའི་བུད་མེད་དག་ཕར་འགྲོ་རུ་བཅུག་ནས་དགེ་འདུན་དག་མཉམ་དུ་བཞུགས་སུ་བཅུག་པ་ཡང་དེ་ལྟར་ཡིན་ངེས། གཙུག་ལག་ཁང་གི་རྣམ་པ་ཡང་དགེ་འདུན་ཆོས་འཕེལ་གྱིས་དཔེ་རིས་བྲིས་པ་དེ་ག་རང་ལགས་ལ། ཁུ་ལེན་ཎི་ཡའི་གནའ་བོའི་གཙུག་ལག་ཁང་ལ་ཟུར་བརྒྱད་ཀྱི་རྣམ་པ་འདུག་པ་ནི་འདུལ་བའི་གནས་མལ་གྱི་གཞི་ལས་གཙུག་ལག་ཁག་ཁང་གི་དབྱིབས་གྲུ་བཞི་དང་ཟུར་བརྒྱད་སོགས་ཀྱང་རུང་བར་གསུངས་པ་ལྟར་ཨེ་ཡིན་སྙམ། དགོན་པའི་ནང་དགེ་འདུན་གྱིས་ཆོས་སྟོན་པའི་གཙུག་ལག་ཁང་དང་སྟོན་སྐུ་བཞུགས་པའི་ལྷ་ཁང་། བྱང་ཆུབ་ལྗོན་པ་དང་མཆོད་རྟེན་བཅས་ལས་གཞན་མི་སྣང་ལ། འགའ་ཞིག་ཏུ་སྟོན་པ་དང་ཉན་ཐོས་ལས་གཞན་བསྟན་པ་ལ་བསྙེན་བཀུར་གནང་མཁན་གྱི་རྒྱལ་པོ་དང་སྦྱིན་བདག་ཀྱང་བཞེངས་པ་མཐོང་། ཁྱིམ་པ་རྣམས་དགོན་པར་སླེབས་དུས་རྟེན་གྱི་གཙོ་བོ་དག་གི་དྲུང་སྒོམ་བྱེད་པ་གཙོ་བོ་ལས་རང་ཅག་ལྟར་ཕྱག་གྲངས་མང་པོ་དང་། ཆུ་མཆོད་སོགས་མཐོང་རྒྱུ་མི་འདུགཕྱི་ནང་གཉིས་ཀའི་ལྷ་ཁང་གང་དུ་ཡང་ལྷམ་གྱོན་ནས་འགྲོ་བ་མི་སྲིད་ལ། འཕགས་ཡུལ་ནས་དར་བའི་རང་ཅག་གི་བྲིས་འབུར་གྱི་ལྷ་གང་ལ་ཡང་ལྷམ་གྱོན་པ་མེད་པ་ནི་ཡུལ་སྲོལ་འདི་ཨེ་ཡིན་སྙམ། ཇོ་ནང་ཏཱ་ར་ན་ཐའི་ ༼རྒྱ་གར་ཆོས་འབྱུང་༽ དུ་གླིང་ཕྲན་རྣམས་སུ་བསྟན་པ་དར་ཚུལ་འཆད་སྐབས་སིངྒ་ལའི་གླིང་ན་ཐེག་ཆེན་པ་ཡང་ཅི་རིགས་ཡོད་དོ། ། ཕལ་ཆེར་ཉན་ཐོས་ཏེ། ད་ལྟ་ཡང་ཤྲཱི་པ་དུ་ཀ་ཞེས་བྱ་བ་སྟོན་པའི་ཞབས་རྗེས་ཀྱི་དུས་སྟོན་ལ་དགེ་སློང་སྟོང་ཕྲག་བཅུ་གཉིས་ཙམ་འཚོགས་ཏེ། ཕལ་ཆེར་ཉན་ཐོས་སོཞེས་ཐེག་ཆེན་པ་ཡང་ཅི་རིགས་ཡོད་པར་བཤད་ཀྱང་། དེང་ཐེག་ཆེན་ཡོད་པའི་གཏམ་མི་སྣང་ལ་ཐེག་པ་འོག་མའི་ཆོས་ཤ་སྟག་དར་བས་ཐེག་པ་ཆེན་པོ་དང་རྒྱུད་སྡེའི་སྐོར་གང་ཡང་མཐོང་རྒྱུ་མེད་ལ། ཐ་ན་སྲིད་པའི་འཁོར་ལོའི་རི་མོ་ཡང་མཇལ་དུ་མ་བྱུང་། གཙུག་ལག་ཁང་གི་ནང་དུ་གདུགས་དང་རྒྱལ་མཚན་དང་དྲ་བ་དྲ་ཕྱེད་སོགས་མཆོད་རྫས་ཀྱང་མི་སྣང་ལ། རང་ཅག་གི་མཆོད་རྫས་དག་ནི་རྒྱུད་སྡེའི་ནས་གསུངས་པའི་གཞལ་ཡས་ཁང་གི་དཔེར་བྱས་པ་ཨེ་ཡིན་སྙམ་པའི་དོགས་པ་བྱུང་། ལོ་རྒྱུས་གཞན་དུ་སིངྒ་ལའི་རྒྱལ་བོ་ཝ་ཧཱ་རཱི་ཀའི་ (༢༦༩-༢༩༡སྐུ་དུས་སུ་རྒྱ་གར་ནས་ཐེག་ཆེན་གྱི་ལྟ་བ་འཛིན་མཁན་སློབ་དཔོན་རྒྱས་བར་སྨྲ་བ་ཞེས་པ་ཐེག་ཆེན་དར་སྤེལ་དུ་ཕེབས་རུང་མི་རིང་བར་རྒྱལ་བོས་ཕྱིར་སློག་མཛད། འོན་ཀྱང་དེའི་རྗེས་འཇིགས་མེད་རི་བོའི་སྡེ་བ་རྣམས་ཀྱི་མང་པོ་ཞིག་གིས་ཁོང་གི་ལྟ་བ་ལ་རྒྱབ་སྐྱོར་གནང་བས། འཇིགས་མེད་རི་བོའི་སྡེ་བ་ལས་ལོགས་སུ་ལྷོའི་རི་བོར་སྡེ་བ་གསར་བ་ཞིག་བྱུང་བ་ལ་རྒྱལ་བྱེད་ཚལ་གནས་གཙུག་ལག་ཁང་ཟེར་བར་བཤད།

གླིང་འདིའི་གྲོང་དང་གྲོང་ཁྱེར་གང་སར་གཙུག་ལག་ཁང་དང་མཆོད་རྟེན། རྒྱལ་བའི་སྐུ་གཟུགས་སོགས་རྟེན་དང་བརྟེན་པ་མང་དུ་མཇལ་རྒྱུ་འདུགམཆོད་རྟེན་དག་གི་དབྱིབས་གཟུགས་རང་ཅག་དང་མི་འདྲ་བར་དྲིལ་གཟུགས་དང་ཝུ་བ་ལྟ་བུའི་རྣམ་པ་ལས་སྟེང་དུ་ཉི་ཟླ་སྐར་གསུམ་ཡང་མི་སྣང་ལ། རང་ཅག་གིས་སྟེང་དུ་ཉི་ཟླ་སྐར་གསུམ་ཕུལ་བ་ཡང་སྔགས་ལུགས་དང་འདྲེས་པ་ཨེ་ཡིན་བསམ། གཞན་བཀའ་གདམས་མཆོད་རྟེན་གྱི་རྣམ་ཅན་ཡང་མཇལ་རྒྱུ་མཆིས། རང་རེའི་ ༼བུ་སྟོན་ཆོས་འབྱུང་༽ དུ།  སློབ་དཔོན་ཨཱརྱ་དེ་བ་ནི་སིངྒ་ལའི་གླིང་དུ་པདྨའི་སྦུབས་སུ་རྫུས་ཏེ་སྐྱེས་པ་ལ་དེའི་རྒྱལ་བོས་བུར་བཟུང་བར་བཤད་པ་ལ། ཇོ་ནང་ཏཱ་ར་ན་ཐའི་ ༼རྒྱ་གར་ཆོས་འབྱུང་༽ ལས་། རྫུས་སྐྱེས་ལ་མི་འཐད་ཚུལ་དང་། བཞི་བརྒྱ་བའི་འགྲེལ་བར་སློབ་དཔོན་ཟླ་བ་གྲགས་པས་ཨཱརྱ་དེ་བ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་སུ་བཤད་པ་དང་། འཕགས་ཡུལ་གྱི་གཏམ་ཁུངས་མ་ལ་ཡང་དེ་བཞིན་གྲགས་ཞེས་སིངྒ་ལའི་རྒྱལ་པོའི་སྲས་དངོས་ཡིན་པར་གསུངས་པ་བཞིན། དེ་གའི་དགེ་སློང་ཞིག་ལ་ཨཱརྱ་དེ་བ་དྲིས་ཀྱང་གསལ་ཆའི་གཏམ་མི་འདུག་ལ་གཞན་དུ་འདྲི་ས་ཡང་མ་རྙེད། བི་ཀྲ་མ་ཤཱི་ལའི་མཁས་པ་ཆེན་པོ་འཁོར་ལོ་སྡོམ་པ་བསྒྲུབས་པས་ཞལ་གཟིགས་པའི་ལངྒ་རྒྱལ་བ་བཟང་པོ་ཡང་སིངྒ་ལའི་གླིང་འདིར་འཁྲུངས་པར་བཤད། གླིང་ཡོངས་ཀྱི་མིའི་ཤ་མདོག་སྨུག་ཤོས་ཆེ་ལ་དུས་རྒྱུན་གོས་དཀར་གྱོན་པ་ནི་ཚ་བའི་ཁུལ་དུ་གཏོགས་པས་ཡིན་ངེས་ལ། མི་རིགས་གཙོ་བོ་ཡང་སིང་ཇ་ལོ་ཞེས་པའི་རིགས་དང་སིངྒ་ལའི་མི་གྲངས་བརྒྱ་ཆའི་བརྒྱད་ཅུ་ཟིན་ལ་ནང་ཆོས་ལ་དད་མཁན་གཙོ་བོ་དང་། རྒྱ་གར་བྲམ་ཟེའི་ཆོས་ལུགས་ལ་དད་མཁན་ཏཱ་མི་ལ་མི་རིགས་ཀྱང་མཆིས། ཁྱིམ་པ་དག་གི་སྡོད་ཁང་ཡང་སྟབས་བདེ་བོ་དང་སྒལ་འཛིང་ཅན་དུ་བསྐྲུན་ལ་རྒྱས་སྤྲས་ཆེར་མི་འདུགགླིང་འདི་རྒྱ་མཚོ་ཆེན་པོས་བསྐོར་བའི་དབུས་ན་གནས་པས་ཡུལ་མཐའ་དམའ་ལ་སྙོམས་ཤིང་དབུས་ཁུལ་ན་རི་མང་ལ་གནམ་གཤིས་ཅུང་བསིལ། གསིང་མ་དང་པེ་ཏ། ཨ་ཤྭ་ཐ་སོགས་ལྗོན་པ་སྣ་ཚོགས་ཀྱི་ནགས་ཚལ་རྒྱས་པས་རི་ལུང་ཐམས་ཅད་ལྗང་མདོག་རླབས་ཀྱིས་སྣུམ་ཤིག་གེར། མཚོ་དང་མཚེའུ་ཡང་མང་དུ་མཆིས། ལྗོན་ཤིང་དག་གིས་ལོ་མ་བརྗེས་བ་ཙམ་ལས་དགུན་གྱི་རྣམ་པ་ཡེ་ནས་མ་མཆིས་ལ། རླུང་བུ་ལྡང་བས་སྡོང་ལོ་རྙིང་བ་ས་ལ་ཐོར་བ་མཐོང་དུས་ ༼སྙན་ངག་མེ་ལོང་མ་༽ ལས།  ལྷོ་ཡི་རླུང་གིས་འཁྲི་ཤིང་གི། འདབ་མ་རྙིང་བ་ལྷུང་བར་བྱེད། ། ཅེས་པའང་དྲན་པར་བྱེད། དགེ་ཆོས་ཀྱིས་ཡུལ་འདིར་ཉིན་མཚན་གྱི་རུང་ཐུང་ལ་འཕོ་བ་མེད་པར་བཤད་པ་ལྟར། ཡུལ་འདི་གླིང་གཞན་དང་མི་འདྲ་བ་ཞིག་ལ་དུས་བཞིར་ཉིན་མཚན་གྱི་རིང་ཐུང་ལ་འཕོ་བ་ཅུང་ཙམ་ཡང་མེད་ལ། དབྱར་དགུན་ཡང་མེད་པས་ལོ་ཧྲིལ་བོར་བསིལ་དྲོད་སྙོམས་པར་བཤད།

ཡུལ་མི་རྣམས་ལ་ང་ཚོ་བོད་ནས་ཡིན་པར་བཤད་མ་ཐག་ཕལ་ཆེ་བས་བོད་དང་བོད་མི་གོ་མྱོང་བའི་རྣམ་འགྱུར་སྟོན། དེ་ནི་ང་ཚོ་དང་སྟོན་པ་དང་བསྟན་པ་གཅིག་པ་ལ་འབྲེལ་བ་ཡོད་ངེས་ལ། དེང་གི་བརྡ་འཕྲིན་དང་བོད་ཀྱི་བླ་ཆེན་བཤེས་གཉེན་རེ་འགའི་ཐུགས་རྗེའི་མཛད་འཕྲིན་ལ་ཡང་འབྲེལ་བ་ཡོད་སྲིད། གཞན་དུ་གླིང་འདིའི་མི་རྣམས་བོད་མི་ལ་ཆ་རྒྱུས་ཡོད་པའི་རྒྱུ་མཚན་དམིགས་བསལ་བ་ཞིག་ནི། ཕྱི་ལོ༡༩༠༡ལོར་འབྲས་ལྗོངས་སྒང་ཐོག་ཏུ་སྐུ་འཁྲུངས་ཤིང་བོད་མིང་ལ་སྤེན་པ་དོན་གྲུབ་བམ་བཀྲ་ཤིས་རྣམ་རྒྱལ་དང་སིངྒ་ལ་རྣམས་ཀྱིས་ (Mahinda thero) ཞེས་འབོད་པའི་བོད་པ་ཁོང་ཡིན། ཁོང་ནི་ཕྱི་ལོ༡༩༠༡ལོར་འབྲས་ལྗོངས་སྒང་ཐོག་ཏུ་སྐུ་འཁྲུངས་ཤིང་སིངྒ་ལར་ཕེབས་ཏེ་རབ་ཏུ་བྱུང་ནས་སིངྒ་ལའི་གླིང་གི་སྙན་ངག་པ་དང་གནས་བརྟན་ཆེན་པོ། རང་བཙན་འཐབ་རྩོད་པ། མཁས་པ་ཆེན་པོར་གྱུར་ཚུལ་སོགས་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་བྲིས་པའི་ ༼སིངྒ་ལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་གྱི་བོད་མི༽ ཞེས་པའི་དེབ་ཏུ་གསལ་བ་ལྟར་ལགས། ཐེངས་འདིའི་འགྲུལ་བཞུད་ཁྲོད་ངེད་ཅག་བོད་ནས་ཡིན་པ་ཤེས་མཁན་ཚོས་བོད་ཀྱི་དགེ་འདུན་པ་ཁོང་གླེང་མཁན་མཆིས་ལ། ང་ཚོའི་སྣེ་ཤན་པས་ཀྱང་ཁོ་རང་སློབ་ཆུང་སྐབས་སྤེན་པ་དོན་གྲུབ་ཁོང་གི་སྙན་ངག་སློབ་དེབ་ཏུ་བཀོད་པ་ཀློག་ཚུལ་དང་། ཁོང་ནི་སིངྒ་ལའི་ལོ་རྒྱུས་ནང་རླབས་ཆེན་གྱི་མི་སྣ་ཞིག་ཡིན་ཚུལ་ལབ་སོང་། རྒྱལ་ས་ཁོ་ལོམ་བྷོའི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་ཁང་དུ་ཡང་ཁོང་གི་སྐུ་བརྙན་དང་དཔའ་བོའི་ལོ་རྒྱུས་ངོ་སྤྲོད་ཡོད་པར་བཤད་ཀྱང་དུས་ཚོད་ཀྱི་དབང་གིས་འགྲོ་མ་ཐུབ། སླད་གླིང་འདིའི་དགེ་འདུན་པ་དང་ང་ཚོའི་བར་དབུ་ཕར་དང་རྒྱུད་སྡེའི་སྐོར་ནས་གླིང་འདིར་ཐེག་པ་ཆེན་པོའི་ཆོས་མ་དར་བ་དང་ཐེག་པ་གོང་འོག་གི་དབང་གིས་བགྲོ་གླེང་ཡོང་དཀའ་ཡང་། འདུལ་བའི་སྐོར་ནས་གཅིག་ལ་མི་གསལ་བ་གཅིག་ལ་གསལ་བའི་ངོ་མཚར་བའི་གཏམ་མང་པོ་ཞིག་ཡོད་ངེས་ཏེ། བདག་གིས་དེ་གའི་དགེ་སློང་ཞིག་ལ་ཁྱེད་ཅག་གི་སྡོམ་རྒྱུན་རྩ་བའི་སྡེ་བཞི་ལས་གང་ལ་གཏོགས་ཚུལ་དང་དགེ་སློང་ལ་བསླབ་ཁྲིམས་ག་ཚོད་ཡོད་སྐོར་དྲིས་དུས། ཁོང་གིས་གླིང་འདིར་རྩ་བའི་སྡེ་གཉིས་བཤད་པ་ལས་སྡེ་བཞི་མི་འདོད་པ་དང་། གླིང་འདིའི་དགེ་སློང་ལ་བསླབ་ཁྲིམས་ཉིས་བརྒྱ་ཉེར་བདུན་ཡོད་པར་གླེང་ལ། ཡང་དགེ་སློང་གཞན་ཞིག་གི་ངག་ལས་སིངྒའི་ལའི་དགེ་སློང་རྣམས་ནས་འཁར་གསིལ་མི་འཛིན་ལ་འདུལ་བའི་གཞུང་དུ་ཡང་མི་གསལ་ཚུལ་གླེང་ཡང་། རང་ཅག་ལ་འདུལ་རྩ་ལས་གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན་གསིལ་བྱེད་ཀྱང་ངོ་ཞེས་གསིལ་བྱེད་དེ་འཁར་གསིལ་གྱི་རྣམ་བཞག་གསུངས་ཡོད། བཀའ་བསྡུའི་ཐད་ལ་ཡང་འདོད་ཚུལ་མི་མཐུན་པ་སོགས་ཞིབ་བསྡུར་གྱི་ཆ་མང་དུ་ཡོད་ངེས་སོ། །

གླིང་འདིའི་ལོ་རྒྱུས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས་འཆད་པ་ཧ་ཅང་རྒྱས་ཤིང་གསལ་ལ་ཁ་སང་བྲིས་པ་ལྟར་སྣང་། ཆག་ལོའི་ལམ་ཡིག་དང་ཏཱ་ར་ན་ཐའི་ ༼རྒྱ་གར་ཆོས་འབྱུང་༽ དང་ ༼མན་ལུང་གུ་རུའི་ལམ་ཡིག༽ བཙན་པོ་ནོ་མིན་ཧན་བསྟན་འཛིན་འཕྲིན་ལས་ཀྱི་ ༼འཛམ་གླིང་རྒྱས་བཤད་༽ སོགས་ལས་ཀྱང་ཟུར་ཙམ་གླེང་ལ། གཞན་ཧཱན་གྱི་རྒྱའི་བཙུན་པ་ཧྥ་ཤཱན་ (༣༧༤-༤༦༢ཡུལ་འདིར་སླེབས་ཏེ་ལོ་གཉིས་ཙམ་བཞུགས་ལ། སྔོན་སྟོན་པ་གླིང་འདིར་ཕེབས་ཚུལ་དང་སྟོན་པའི་ཚེམས་དང་། ཞབས་རྗེས་གཉིས་དང་དགེ་འདུན་སྟོང་ཕྲག་མང་པོ་བཞུགས་ཚུལ། གསུང་རབ་མང་པོ་སྤྱན་དྲངས་ཚུལ་ཧྥ་ཤཱན་གྱི་ལམ་ཡིག་ཏུ་གསལ། ཐང་སན་ཙང་ (༦༠༢-༦༦༤ཡུལ་འདིར་མ་ཕེབས་ཀྱང་ཁོང་གི་ལམ་ཡིག་ཏུ། ཡུལ་འདིའི་མི་རྒྱུད་བྱུང་ཚུལ་དང་ཡུལ་གྱི་ཤར་ལྷོའི་ཕྱོགས་སུ་བྲག་གཟར་ལ་རོང་ཟབ་པའི་སྲིན་པོའི་གནས་རི་ལངྒཱ་ཞེས་པར་སྔོན་སྟོན་པས་ལངྐར་གཤེགས་པའི་མདོ་གསུངས་པ་དང་། གཙུག་ལག་ཁང་བརྒྱ་ཕྲག་འགར་དགེ་འདུན་ཉིས་ཁྲི་དང་སྟོན་པའི་ཚེམས་བཞུགས་ཚུལ་སོགས་ཕྱོགས་ཙམ་གླེང་ཡོད་ལ། ཐང་གི་བཙུན་པ་ཡཱི་ཅེན་གྱིས་བྲིས་པའི་ ༼རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ༽ ཞེས་པའི་དེབ་ཏུ་ཐང་གི་སྡེ་སྣོད་འཛིན་པ་བཙུན་པ་མེན་ཡཱན་དང་ཁོང་གི་སློབ་མ་ཁཱེ་ཁྲོན། བཙུན་པ་གཞི་ལཱང་དང་ཧེ་ཡཱན། བསམ་གཏན་པ་ཐེག་ཆེན་སྒྲོན་མེ། བཙུན་པ་སཱིན་ཀྲེ་དང་ཁོང་གི་དགེ་ཕྲུག་ཁོ་ར་ཡ་རྒྱལ་ཁབ་ཀྱི་བཙུན་པ་ཤཱན་ཡིགབསམ་གཏན་པ་བུའུ་ཤེན་སོགས་ཀྱང་སིངྒ་ལར་ཕེབས་ཏེ་སངས་རྒྱས་ཀྱི་ཚེམས་ལ་མཇལ་ཚུལ་གསལ། འདི་དག་ནི་གླིང་འདི་ལ་གནས་མཇལ་དང་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེ་བ་དག་གོ་ཞེས་འཕྲོས་བཤད་ཙམ་དང་། གཞན་ཐེངས་འདིར་གནས་མཇལ་གྱི་དུས་ཚོད་ཐུང་དྲགས་པའི་དབང་གིས་ངེད་ཅག་མཇལ་མ་ཐུབ་པའི་རི་པོ་ཤྲཱི་པདཱ་ཞེས་པར་སྔོན་སྟོན་པས་ཞབས་ཀྱིས་བཅགས་པའི་རི་རྩེར་སྟོན་པའི་ཞབས་རྗེས་བཞུགས་པའི་གནས་ཨ་ཌམ་སཱེ་པིཀ་ (Adam's Peak) དང་། སྟོན་པ་སིངྒ་ལ་ཐེངས་གཉིས་པ་ཕེབས་པའི་སྐབས་ཀྱི་གནས་ཎ་གྷ་རྡིབ་ (Nagadeepa) ཟེར་བ་ལ་དེང་གི་སིངྒ་ལའི་ཇ་ཧྥི་ཎཱ (Jaffna) ཞེས་པ་རྒྱ་གར་ལྷོ་མཐའ་དང་ཉེ་བའི་གནས་དང་། ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་གནས་བརྟན་དབང་ཆེན་སྡེ་དང་རྒྱལ་པོ་སྐར་རྒྱལ་གཉིས་ཐོག་མར་མཇལ་སའི་གནས་མཱ་ཧིན་ཏ་ལ་ (Mihintale) སོགས་ལ་མཇལ་བའི་སྐལ་བ་མ་ལྡན་པས། ཕྱིས་སིངྒ་ལའི་གླིང་དུ་གནས་མཇལ་དུ་ཕེབས་མཁན་དག་གནས་འདི་དག་ལ་ཡང་མཇལ་དུ་བསྐྱོད་ཐུབ་ཚེ། ངོ་མཚར་བའི་ལྟད་མོ་དང་གཏམ་མང་པོ་ཞིག་ཡོད་ངེས་ཞེས་མཇུག་གི་གཏམ་མོ། 

སྨྲས་པ།

ཨེ་མ་སྔོན་དུས་སྟོན་པ་མཆོག་གིས་ཞབས་ཟུང་གསེར་གྱི་འཁོར་ལོ་གང་། །

མངོན་མེད་བཀོད་པའི་ལྷོ་རྒྱུད་འཛིན་མའི་གླིང་ཕྲན་སིངྒ་ལ་ཡི་ཞིང་། །

གནས་མཇལ་བསྐལ་བཟང་མངོན་དུ་གྱུར་པའི་ཉིན་རེའི་ལྗོངས་རྒྱུའི་ཟིན་བྲིས་དག།

ཀྱེ་ཀྱེ་མ་མཐོང་རྒྱང་ན་བཞུགས་པའི་གྲོགས་ཀྱི་ཚོགས་ལ་སྐྱེས་སུ་ཕུལ། །

ཞེས་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་བོད་རབ་རྒྱན་མཛེས་བྱེད་ཆུ་ཡོས་ཏེ་ཕྱི་ལོ༢༠༢༣ལོའི་ཟླ༤པའི་ནང་ལྷོ་ཕྱོགས་ཀྱི་ནང་བའི་རྒྱལ་ཁམས་སིངྒ་ལའི་གླིང་དུ་གནས་མཇལ་དུ་སྐྱོད་དུས་ཟིན་བྲིས་སུ་བཏབ། ཕྱི་ཟླ༦པའི་ཚེས༢ཉིན་དང་རང་ཅག་གི་ས་ཟླའི་དུས་ཆེན་ཁྱད་པར་ཅན་ལ་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་སྐུ་འབུམ་བྱམས་པ་གླིང་གི་རང་ཤག་ཏུ་འཕྲི་སྣོན་དང་བཅས་མཇུག་རྫོགས་པར་བྱས་པའོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།