སིངྒ་ལའི་གླིང་དུ་གནས་མཇལ་དུ་བསྐྱོད་པའི་ཟིན་ཐོ།(ལྔ་བ)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-08-23 17:10:43     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།    ཀློག་ཐེངས།  

微信图片_20240823171539.jpg

ཉིན་བཞི་བ། སྟོན་པ་སངས་རྒྱས་ཀྱི་ཚེམས་ལ་མཇལ་བ།

ཕྱི་ཟླ༤པའི་ཚེས༢༨ཉིན་ཏེ་གཟའ་པ་སངས་ཀྱི་ཞོགས་པར་ཏམྦུ་ལ་བྲག་ཕུག་གི་ཉེ་འགྲམ་མགྲོན་ཁང་དུ་ནངས་ཟས་ལ་རོལ་རྗེས་གནས་མཇལ་གྱི་འགོ་བཟུང་། ལམ་བར་ཀུན་ལྗོན་པའི་ཚོགས་ཀྱིས་བཀང་ལ་དྲིལ་གཟུགས་ལྟ་བུའི་མཆོད་རྟེན་དང་སྟོན་པའི་སྐུ་བརྙན་མང་དུ་མཐོང་། གྲོང་རྡལ་ཞིག་ཏུ་རྒྱ་གར་བྲམ་ཟེ་ཆོས་ལུགས་ཀྱི་ལྷ་ཁང་ཞིག་ལ་གནས་སྐོར་བྱས། ལྷ་ཁང་གི་མིང་ལ་  (Sir Muthumariamman Temple)  ཟེར་ལ། ནང་དུ་ཁྱབ་འཇུག་གི་འབག་སྐུ་ཆེན་པོ་དང་ཚོགས་བདག་གླང་སྣ་སོགས་བྲམ་ཟེ་ཆོས་ལུགས་ཀྱི་ལྷ་མང་པོ་འདུགརང་ཅག་ལ་རྒྱུས་ཆེ་བའི་ཁྱབ་འཇུག་གི་འཇུག་པ་བཅུ་དང་རིག་བྱེད་ཀྱི་གཏམ་རྒྱུད་ཀྱང་མང་དུ་མཐོང་། ནང་གི་མཆོད་མཇལ་བ་དག་གིས་དཔྲལ་བར་ཚོན་དམར་སེར་རེ་བྱུགས་ནས་འོང་བ་ནི་དཔྲལ་བར་སིདྷུ་ར་ཡིས་ལེགས་པར་བྱུགས། ཞེས་པའང་དྲན་པར་བྱེད་ལ། ཕྱག་འཚལ་སྟངས་དང་ལུས་ཀྱི་ཕྱག་རྒྱ་ནི་གཞན་དང་མི་འདྲ་བ་ཞིག་བྱེད། ང་ཚོ་སིངྒ་ལར་མ་སླེབས་པའི་སྔོན་ཏག་ཏག་ལ་ཧིན་དྷུ་ཉི་ཞིས་ཡའི་ (Prambanan) ཡུལ་དུ་དུས་རབས་བཅུ་བའི་སྔོན་དུ་བཞེངས་པའི་རྒྱ་གར་བྲམ་ཟེ་ཆོས་ལུགས་ཀྱི་ལྷ་ཁང་ཆེན་པོ་ཞིག་གི་གནའ་ཤུལ་ལ་བསྐྱོད་དུས་ཀྱང་ཁྱབ་འཇུག་དང་དབང་ཕྱུག་སོགས་ལྷ་ཆེན་པོ་དག་དང་ཁྱབ་འཇུག་གི་འཇུག་པ་བཅུ་དང་། རཱ་མ་ནའི་གཏམ་རྒྱུད་ཀྱི་བརྐོས་རིས་མང་དུ་མཐོང་རྒྱུ་འདུག་ལ། རྭ་མ་ན་དང་སཱི་ཏ་སོགས་བོད་ཀྱི་སྒྲ་བསྒྱུར་གྱི་མིང་དག་ཁོ་ཚོས་ཇི་བཞིན་སྨྲ་བར་བྱེད།

དེ་ནས་ཡང་བསྐྱར་ལམ་དུ་ཆས། ལམ་བར་ནས་ནང་པའི་དགོན་པ་ཆུང་ངུ་ཞིག་ལ་མཇལ། དགེ་འདུན་བཞི་ཙམ་བཞུགས་པ་ལ་ཁ་བརྡ་བྱས། དགོན་པའི་ནང་དགེ་འདུན་གྱི་གཙུག་ལག་ཁང་དང་སྟོན་སྐུ་ཆེན་མོ། འཁོར་ལྔ་སྡེ་དང་ཉན་ཐོས་མང་པོ། ལྷག་པར་དགེ་སློང་སོར་ཕྲེང་ཅན་གྱི་སྐུ་ཚེ་སྟོད་སྨད་ཀྱི་འབག་སྐུ་སོགས་བཞེངས་པ་ལ་མཇལ། དགེ་སློང་ཞིག་ལ་ཁྱེད་ཅག་རྩ་བའི་སྡེ་བཞི་ལས་གང་ཡིན་དང་དགེ་སློང་ལ་བསླབ་ཁྲིམས་ག་ཚོད་ཡོད་པར་དྲིས་པ་ལ། རྩ་བའི་སྡེ་གཉིས་ལས་སྡེ་བཞི་མི་འདོད་པ་དང་། གནས་བརྟན་པའི་དགེ་སློང་ལ་ཁྲིམས་ཉིས་བརྒྱ་ཉེར་བདུན་ཡོད་པར་བཤད་ལ། རང་ཅག་གཞི་ཐམས་ཅད་ཡོད་སྨྲ་བ་དང་མི་འདྲ་བར་འདུགདེའི་སྐོར་སྔོན་ནས་ཐོས་ཙམ་མྱོང་ཡང་དེང་དངོས་སུ་ཐོས་པ་བྱུང་། དགོན་པའི་ནང་གུང་ཟས་ལ་རོལ་རྗེས་ཡང་བསྐྱར་ལམ་ལ་ཆས།

དེ་ནས་སིངྒ་ལའི་གླིང་གི་ཡུལ་དབུས་ཀནྡྷེ་ཡུལ་གྱི་ཕྲེང་ལྡན་མའི་གཙུག་ལག་ཁང་དུ་བཞུགས་པའི་སྟོན་པ་སངས་རྒྱས་ཀྱི་ཚེམས་ལ་མཇལ་དུ་བསྐྱོད། ལམ་འགྲམ་སོགས་སུ་རིགས་མི་གཅིག་པའི་ལྗོན་པའི་ཚོགས་ཀྱིས་བཀང་ཞིང་རྫིང་བུ་དག་ཏུ་མེ་ཏོག་གི་འདབ་བརྒྱ་ལྷུག་པར་གྲོལ། ཚ་བའི་ཁུལ་དུ་སྐྱེས་པའི་ཤིང་འབྲས་དང་སྔོ་ཚོད་སོགས་གང་སར་མཐོང་ལ། ལོ་ཏོག་བརྔས་ཟིན་པའི་ཞིང་ས་དག་སྐྱ་སེང་ངེར་འདུགདུས་ཚོད་གཅིག་དང་ཕྱེད་ཀ་ལྷག་ལ་བསྐྱོད་མཐར་སིངྒ་ལའི་རྒྱལ་ས་རྙིང་བ་ཀནྡྷེ་ (Kandy) གྲོང་ཁྱེར་ལ་འབྱོར། གྲོང་ཁྱེར་འདི་མཐའ་བཞི་རི་བོས་བསྐོར་བའི་ངོས་ན་ཆགས་ཤིང་མཐིལ་དུ་མཚེའུ་ཆེན་པོ་ཞིག་སྔོ་དྭངས་ངེར་འཁྱིལ་ལ། མཚེའུའི་འགྲམ་ངོགས་སུ་གྲོང་ཁྱེར་གྱི་གཞུང་ལམ་དང་ཁང་བརྩེགས་སོགས་ཀྱི་བཀོད་པ་མཛེས་ཤིང་སྡུགང་ཚོ་མཚེའུ་ངོགས་བརྒྱུད་དེ་སྟོན་པ་སངས་རྒྱས་ཀྱི་ཚེམས་བཞུགས་སའི་ཚེམས་ཀྱི་ལྷ་ཁང་ལ་མཇལ། སྟོན་པའི་ཚེམས་བཞུགས་པའི་དགོན་པའི་མིང་ལ་ (Temple of the Sacred Tooth Relic) ཞེས་ཟེར། དགོན་པར་སིངྒ་ལ་རང་གི་མཇལ་བ་དང་ཕྱི་གླིང་བ་ཤིན་ཏུ་མང་ལ། སིངྒ་ལ་རྣམས་ཀྱིས་མེ་ཏོག་གི་མཆོད་རྫས་བསྣམས་ནས་མཇལ་དུ་བསྐྱོད། ང་ཚོས་ཀྱང་ཡུལ་སྲོལ་ལྟར་མེ་ཏོག་ཉོས་ནས་མཆོད་མཇལ་དུ་བསྐྱོད་པ་ཡིན་ལ། ལྕགས་རི་དཀར་པོས་ཕྱི་རིམ་ནང་རིམ་བརྒྱན་པའི་ལྷ་ཁང་ཉིས་ཐོག་གི་ཀུན་དགའ་རྭ་བ་དབུས་མའི་ནང་སྟོན་པ་མཆོག་གི་ཚེམས་བཞུགས། རང་གར་མི་སྐྱ་ཕལ་བ་དག་ཀུན་དགའ་རྭ་བའི་ནང་ལོགས་སུ་བཅར་མི་ཆོག་ཀྱང་ང་ཚོ་རབ་བྱུང་བ་ཡིན་པར་དམིགས་བསལ་གྱིས་བཅར་དུ་བཅུགང་ཚོས་ཚེམས་མདུན་ནས་ ༼བསྟོད་པ་བྱིན་རླབས་ཉེར་འཇུག་༽ དང་ ༼བཟང་སྤྱོད་སྨོན་ལམ་༽ དང་ ༼བསྟན་འབར་མ༽ སོགས་དལ་འདོན་དང་བཅས་སྨོན་ལམ་གྱིས་མཚམས་སྦྱར།

ཚེམས་འདི་སིངྒ་ལའི་གླིང་གི་རྟེན་ཁྱད་པར་ཅན་གསུམ་ལས་གཅིག་ཡིན་ལ་སིངྒ་བ་རྣམས་ཀྱིས་སྲོག་ལྟར་རྩ་ཆེན་པོར་འཛིན། ལོ་རྒྱུས་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས། རྒྱལ་པོ་བདེ་ཆེན་མ་ཧཱ་སེ་ན་ཞེས་པ་སངས་རྒྱས་འདས་རྗེས་ཀྱི་ལོ་བརྒྱད་བརྒྱ་དང་ཉེར་གཅིག་པ་ལ་ཁྲི་བཟུང་བ་དང་། དེའི་བུ་མེ་བྷ་བ་ནས་བསྟན་པ་ཉམས་པ་སོར་ཆུད་དང་དཀོན་མཆོག་བླ་ལྷག་ཏུ་བཀུར་བ་དང་། འདིའི་ཁྲི་ལོ་དགུ་བར་བབས་པ་ན། ཀ་ལིངྐའི་རྒྱལ་པོ་གདུང་སྐལ་སངས་རྒྱས་ཀྱི་ཚེམས་མཆེ་བ་དེ་སིངྒ་ལར་བྱོན། དེ་ཡང་ཀ་ལིངྐའི་རྒྱལ་པོ་མུ་སྟེགས་ཀྱི་དམག་གིས་ཕམ་སྟེ་མཚོན་ཕོག་ནས་འཆི་ལ་ཉེ་བ་ན། རང་གི་བུ་མོ་ལ་ཁྱོད་ཚེམས་འཁྱེར་ལ་བྲོས་ནས་སིངྒ་ལའི་རྒྱལ་པོ་ནང་པར་ཡོད་པ་ལ་བྱིན་ཅིག་ཅེས་སྨྲས་པ་བཞིན། དེས་ཚེམས་སྐྲ་གསེབ་ཏུ་བཅུག་སྟེ་སིངྒ་ལར་སླེབས་ནས་རྒྱལ་པོ་མེ་གྷ་བ་ན་ལ་ཕུལ། རྒྱལ་པོས་སྔོན་མ་མཐོང་བའི་བསུ་བཀོད་དང་བཅས་ཏེ། ཆོས་རྒྱལ་སྐར་རྒྱལ་གྱིས་བཞེངས་པའི་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། ཞེས་དང་། དེ་ལྟ་བུའི་སྟོན་པའི་ཚེམས་མཆེ་བ་དེ་ནི། གསུམ་པ་ཀལིངྐའི་རྒྱལ་པོའི་ཡུལ་ན་སྟེ་ཞེས་མདོ་ལ་གསལ་བ་དེ་རང་ཡིན་པར་གྲགས་ཤིང་། ད་ལྟ་ཀནྡྷེ་ན་ཕྲེང་ལྡན་མའི་གཙུག་ལག་ཁང་བྱ་བར་བཞུགས། དགོན་དེ་སིངྒ་ལའི་གནས་གཞི་ཀུན་གྱི་གཙོ་བོ་ཡིན་ཅིང་། ཡུལ་སྤྱིའི་དགེ་འདུན་གནས་བརྟན་ཡང་དེར་ཡོད། དེང་སང་སངྒ་རཱ་ཛ་སྟེ་དགེ་འདུན་རྒྱལ་པོར་ཡང་འབོད། དགེ་འདུན་རྒྱལ་པོ་བྱ་བ་བསྐོ་སྲོལ་འདི་འབར་མ་དང་། ས་ཡམ་སོགས་ལྷོ་ཕྱོགས་ཡུལ་ཀུན་ལ་སྔ་མོ་ཞིག་ནས་བྱུང་འདུག་ཅིང་། དབང་ཡང་ཤིན་ཏུ་ཆེ། ཇོ་བོའི་བླ་མ་གསེར་གླིང་རྒྱལ་པོ་དེ་ཡང་ཡུལ་དེའི་སངྒ་རཱ་ཛ་ཡིན་ནམ་སྙམ། ཚེམས་དེ་རྒྱུན་དུ་མཆོད་རྟེན་ཆུང་ངུ་རིམ་པ་དུ་མ་ཡོད་པ་ཞིག་ཏུ་བཞུགས། སྐབས་འགར་ཕྱི་ལ་བཏོན་ཏེ་མཇལ་ཐུབ། སྦོམ་ཕྲ་བྱིས་པའི་མཛུབ་ཆུང་ཙམ་ལ་རིང་ཆ་སོར་གཉིས་ལྷག་ཙམ་པ། ཁ་དོག་དཀར་ལ་སེར་མདངས་ཆགས་པ། སྣེ་གཅིག་ཤིན་ཏུ་རྣོ་བའི་དབྱིབས་ཟླ་ཚེས་ཀྱི་ཕྱེད་འདྲ་བ་ཡོད། ཧོར་ཟླ་དགུ་བའི་ཚེས་གསུམ་ནས་རེས་མོས་ཀྱིས་ཉིན་དགུའི་རིང་ལ་ཚེམས་སྤྱན་འདྲེན་པའི་དུས་སྟོན་བྱེད་ཅིང་། སེར་སྦྲེང་རྒྱ་ཆེན་པོ་ཡོད། ཅེས་གསུངས་པ་ལྟར། སྔོན་སངས་རྒྱས་ཀྱི་ཚེམས་འདི་ཀ་ལིངྐའི་ཡུལ་དུ་བཞུགས་ལ། ཕྱིས་དུས་རབས་བཞི་བའི་ནང་མུ་སྟེགས་ཀྱི་དམག་གིས་ཀ་ལིངྐའི་རྒྱལ་པོ་ཕམ་སྟེ་མཚོན་ཕོག་ནས་འཆི་ལ་ཉེ་བ་ན། རང་གི་བུ་མོ་ལ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཚེམས་འཁྱེར་ལ་བྲོས་ནས་སིངྒ་ལའི་རྒྱལ་པོ་ནང་པར་ཡོད་པ་ལ་བྱིན་ཅིག་ཅེས་སྨྲས་པ་བཞིན། སངས་རྒྱས་ཀྱི་ཚེམས་མཆེ་བ་དེ་ཀ་ལིངྐའི་རྒྱལ་པོའི་སྲས་མོས་རང་གི་སྐྲའི་གསེབ་ལ་སྦས་ནས་སིངྒ་ལར་གདན་དྲངས་ཏེ་སིངྒ་ལའི་རྒྱལ་པོ་མེ་གྷ་བ་ན་ལ་ཕུལ་བ་དང་། སིངྒ་ལའི་རྒྱལ་བོས་སེར་སྦྲེང་ཕེབས་བསུ་རྒྱ་ཆེན་པོ་གནང་། ད་ལྟ་སིངྒ་ལའི་ཡུལ་དབུས་ཀནྡྷེ་ན་ཕྲེང་ལྡན་མའི་གཙུག་ལག་ཁང་འདིར་བཞུགས། ལོ་རེའི་ཟླ་བརྒྱད་པ་དང་དགུ་བའི་ནང་ཟླ་བ་ཉ་གང་བའི་དུས་ལ་གླང་ཆེན་གསུམ་གཤིབ་བསྒྲིགས་བྱས་ནས་དབུས་མའི་སྟེང་ཚེམས་ཀྱི་མཆོད་རྟེན་བཞུགས་ཁང་དང་བཅས་ཚེམས་སྤྱན་འདྲེན་པའི་དུས་སྟོན་རྒྱ་ཆེར་དང་བཅས་མཇལ་ཁ་གནང་བ་དང་། ཚེམས་ཀྱི་ཆེ་ཆུང་དང་དབྱིབས་དང་ཁ་དོག་ཀྱང་དགེ་ཆོས་ཀྱིས་བཤད་པ་བཞིན་ལགས། ཡུལ་འདིའི་རྒྱལ་པོ་གང་ཞིག་གིས་སྟོན་པའི་ཚེམས་ལ་སྲུང་སྐྱོབ་བྱེད་མ་ཐུབ་ན་རྒྱལ་པོའི་གོ་མི་ཆོད་པར་བརྩི་སྲོལ་ཡོད་པས་རྒྱལ་པོ་རིམ་བྱོན་གྱིས་རིང་བསྲེལ་རང་གི་སྲོག་ལྟར་གཅེས། རྒྱལ་པོ་རིམ་བྱོན་མང་པོས་རིང་བསྲེལ་རྒྱལ་ས་སྣ་ཚོགས་དང་ཕོ་བྲང་མང་པོར་གནས་སྤོས་མཛད། ཕྱི་ལོ༡༥༩༠ལོ་ནས་༡༦༠༤ལོའི་བར་རྒྱལ་པོ (Vimaladharmasuriya) ཞེས་པས་རྒྱལ་སྲིད་འཛིན་སྐབས་རང་གི་ཕོ་བྲང་ནང་མའི་ཡང་སྟེང་དུ་བཞུགས་སུ་གསོལ་ཅིང་། དེ་ཉིད་ཀྱིས་སླར་ཡང་ཕོ་བྲང་ལ་ཕྱི་རིམ་ཆེན་པོས་བརྒྱན་པ་ཕྱི་ལོ༡༥༩༥ལོར་བཞེངས་ནས་གྲུབ་པ་ནས་ཚེམས་ད་ལྟའི་བར་འདིར་བཞུགས་སུ་གསོལ་བར་བཤད། རང་རེའི་ ༼བུ་སྟོན་ཆོས་འབྱུང་༽ དུ་ཡང་སྟོན་པའི་རིང་བསྲེལ་དང་ཚེམས་ཀྱི་སྐོར་བཤད་དུསསྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། ། མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། ། གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། ། གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། ། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་བ་ནི། ། གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། ། ཅེས་སྟོན་པའི་ཚེམས་ཀྱི་མཆེ་བ་གསུམ་པ་ནི་ཀ་ལིང་ཀའི་རྒྱལ་པོའི་ཡུལ་ན་བཞུགས་པར་བཤད་པ་དང་མཐུན། ང་ཚོ་ལྷ་ཁང་གཞན་དང་འགྲེམ་སྟོན་ཁང་སོགས་ལ་ཡང་བསྐྱོད། ལྷ་ཁང་དག་ཏུ་སྟོན་སྐུ་དང་ཉན་ཐོས་དགྲ་བཅོམ་དག་ལས་རང་ཅག་ལྟར་རྒྱུད་སྡེ་བཞིའི་ལྷ་ཚོགས་དང་དཀྱིལ་འཁོར། ཐ་ན་སྒོ་མདུན་སོགས་ན་སྲིད་པའི་འཁོར་ལོ་ཡང་མཐོང་རྒྱུ་མི་འདུག་ལ། སྟོན་པའི་སྐྱེས་རབས་དང་ཀ་ལིངྐའི་རྒྱལ་པོའི་སྲས་མོས་སངས་རྒྱས་ཀྱི་ཚེམས་སིངྒ་ལའི་གླིང་དུ་སྤྱན་དྲངས་པའི་རི་མོ་དང་ལྡེབས་རིས་མང་དུ་བཞུགས། ཧྥ་ཤཱན་གྱི་ལམ་ཡིག་ཏུ་ཡུལ་འདིར་སངས་རྒྱས་ཀྱི་ཞབས་རྗེས་ཤིག་ཀྱང་བཞུགས་པར་བཤད་པ་འོག་ཁང་ན་བཞུགས་པ་དེ་ཡིན་ངེས།

ཧྥ་ཤཱན་གྱི་ལམ་ཡིག་དེ་སོག་པོ་བློ་བཟང་རྟ་དབྱངས་ཀྱིས་ཧོར་ཡིག་ནས་བསྒྱུར་བ་ལས། ཟླ་བ་གསུམ་པའི་དགུང་ཙམ་ནས་སངས་རྒྱས་ཀྱི་ཚེམས་མི་མང་ལ་སྟོན་པ་དང་དུས་འདི་ནས་ཞག་བཅུའི་སྔོན་དུ་མི་གཅིག་གླང་པོ་ཆེ་ལ་བསྐྱོན་ནས་སྟོན་པའི་མཛད་པ་དང་མྱ་ངན་ལས་འདས་ནས་ལོ་ག་ཚོད་ཕྱིན་པ་འཆད་ལ། ཞག་བཅུ་ལོན་པ་ན་སངས་རྒྱས་ཀྱི་ཚེམས་འཇིགས་མེད་ཀྱི་རི་བོའི་གཙུག་ལག་ཁང་དུ་སྤྱན་འདྲེན་པར་བཤད། གཞན་ལམ་ཡིག་དེ་ཉིད་མཁས་པ་ཨེཅ་ཨཱེ་ཇཱཡེལས་དབྱིན་སྐད་དུ་བསྒྱུར་བ་ ༼སངས་རྒྱས་པའི་རྒྱལ་ས་རྣམས་ཀྱི་དེབ་ཐེར་༽ ཞེས་པ་རཀ་ར་ཐུབ་བསྟན་ཆོས་དར་དང་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་གཉིས་ནས་བོད་སྐད་དུ་བསྒྱུར་བ་ལས།  ཀནྡེའི་ལ་ཡོད་པའི་སངས་རྒྱས་ཀྱི་ཚེམས་དེ་ (ཨབྷ་ཡ་གི་རིརི་བོ་འཇིགས་མེད་ཀྱི་གཙུག་ལག་ཁང་དུ་གདན་དྲངས་པ་ཟླ་བ་གསུམ་པའི་ཟླ་དཀྱིལ་ལ་མཇལ་རྒྱུ་ཡོད་ཚུལ་དང་འཇིགས་མེད་རི་ནས་མཆོད་པའི་རྗེས་ཉིན་བཅུའི་རྗེས་སུ་ཚེམས་ཀྱི་མཆོད་རྟེན་ཀནྡྷེའི་གྲོང་ཁྱེར་དུ་ཕྱིར་གདན་དྲངས་ཚུལ་བཤད་པ་ལ་གཞིགས་ན། ཚེམས་འདི་ཉིད་ཀནྡྷེའི་ཡུལ་དུ་བཞུགས་པ་དང་འཇིགས་མེད་རི་ལ་མཆོད་པའི་ཕྱིར་སྤྱན་འདྲེན་པ་ཨེ་ཡིན་སྙམ།

ཐང་སན་ཙང་གི་ལམ་ཡིག་ཏུ་ཡང་སིངྒ་ལའི་རྒྱལ་པོ་དད་པ་ཅན་གྱིས་ཉིན་རེར་ཁྲུས་གསོལ་ལན་གསུམ་རེ་དང་མཆོད་པ་བྱེད་ཚུལ་བཤད་ལ། བཙན་པོ་ནོ་མིན་ཧན་བསྟན་འཛིན་འཕྲིན་ལས་ཚང་གི་འཛམ་གླིང་རྒྱས་བཤད་ལས་ཀྱང་སྟོན་པའི་ཚེམས་ཀིནྟ་སྟེ་ཀནྡྷེའི་ཡུལ་འདིར་བཞུགས་ཚུལ་བྲིས་འདུགང་ཚོར་ངོ་སྤྲོད་ལས་ཚེམས་འདི་ཐོག་མར་ཡུལ་གཞན་དུ་བཞུགས་ལ་འདིར་གདན་དྲངས་ནས་ལོ་བཞི་བརྒྱ་ལྷག་འགོར་ལ། སངས་རྒྱས་ཀྱི་ཚེམས་སྔོན་གནས་གཞན་དུ་བཞུགས་ལ་ཡུལ་དབུས་འདིར་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ནི་དབུས་ཁུལ་སྲུང་སྐྱོབ་བཙན་པའི་ཆེད་དུ་ཡིན་པར་ལབ། རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་སྡེ་སྣོད་འཛིན་པ་ཡཱི་ཅེན་ (༦༣༥-༧༡༣གྱིས་མཛད་པའི་ ༼རྒྱ་གར་ཡུལ་དུ་བྱོན་པའི་ཐང་གི་བཙུན་པ༽ ཞེས་པའི་དེེབ་ཀྱི་ནང་དུ། ཐང་རྒྱལ་རབས་དུས་སུ་རྒྱལ་བསྟན་མར་ངོའི་ཟླ་བཞིན་འགྲིབ་དུས་ཐང་གི་བཙུན་པ་མེན་ཡཱན་ཞེས་པས་བསྟན་པ་དར་སྤེལ་ཆེད་ཚེགས་ཆེན་འཁུར་དུ་བཞེས་ནས་དེང་གི་ཧིན་དྷུ་ཉི་ཞིས་ཡ་བརྒྱུད་སིངྒ་ལར་བཞུགས་སྐབས། སིངྒ་ལའི་རྒྱལ་པོས་སངས་རྒྱས་ཀྱི་ཚེམས་རིན་པོ་ཆེར་མཆོད་འབུལ་བྱེད་སྐབས་དང་བསྟུན། ལྷ་ཁང་གི་སྦུག་ཏུ་འཛུལ་ཏེ་སངས་རྒྱས་ཀྱི་ཚེམས་བརྐུས་པ་དང་། གསང་སྟབས་ཀྱིས་ཕྱིར་རང་ཡུལ་དུ་ལོག་རྩིས་བྱེད་སྐབས་སྲུང་དམག་གིས་འཇུས་ནས་ཚེམས་ཕྱིར་འཕྲོགདེ་ནས་བཙུན་པ་མེན་ཡཱན་སིངྒ་ལའི་གླིང་དུ་སྡོད་མ་བཟོད་པར་རྒྱ་གར་ལྷོ་ཕྱོགས་སུ་བསྐྱོད། དོན་རྐྱེན་དེའི་རྗེས་སུ་སིངྒ་ལའི་རྒྱལ་པོས་ཚེམས་ལ་སྲུང་སྐྱོབ་དམ་པོ་མཛད་ཚུལ་བཤད་འདུག

ཡུལ་འདི་གླིང་འདིའི་ས་མཐོ་ཤོས་དང་དབུས་ཡིན་པས་ཅུང་བསིལ་ལ། རི་ལུང་ཐམས་ཅད་ལྗོན་པ་སྣ་ཚོགས་དང་རྩི་ཤིང་མེ་ཏོག་གིས་བརྒྱན། རི་སུལ་སོགས་ན་གྲོང་དང་གྲོང་སྡེ་ཆགས་ཤིང་གཞོང་ན་མཚོ་མོ་སྔོ་དྭངས་ངེར་འཁྱིལ་བ་སོགས་ཀནྡྷེ་ཡུལ་ནི་ཧ་ཅང་སྐྱིད། ཀནྡྷེ་ཡུལ་འདི་སྔོན་རྒྱལ་པོ་དྷརྨ་སུརྱའི་སྐབས་སུ་རྒྱལ་ས་དང་ཕྱིས་དབྱིན་ཇིས་དབང་བསྒྱུར་སྐབས་ཀྱང་སྲིད་གཞུང་གི་སྒྲིག་གཞིའི་ལྟེ་གནས་སུ་བྱས་སྐད། དགེ་ཆོས་ཀྱིས་ཀྱང་ཀནྡྷེ་ཡུལ་འདི་སྔོན་གྱི་རྒྱལ་ས་ཡིན་པར་བཤད། མཇལ་ཚར་དུས་དུས་ཚོད་དྲུག་ལ་ཐོན། ཀནྡྷེ་གྲོང་གི་རི་ངོས་ཀྱི་མགྲོན་ཁང་སྐྱིད་པོ་ཞིག་ཏུ་ཞག་སྡོད་བྱས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།