སིངྒ་ལའི་གླིང་དུ་གནས་མཇལ་དུ་བསྐྱོད་པའི་ཟིན་ཐོ།(བཞི་བ)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-08-23 17:09:54     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།    ཀློག་ཐེངས།  

微信图片_20240823171529.jpg

ཉིན་གསུམ་པ། སེང་གེ་རི་ལ་བསྐྱོད་པ།

ཕྱི་ཟླ༤པའི་ཚེས༢༧ཉིན་གྱི་ཞོགས་པར་ཏམྦུ་ལ་བྲག་ཕུག་དགོན་གྱི་ཉེ་འགྲམ་དུ་ཡོད་པའི་མགྲོན་ཁང་ནས་ལམ་ལ་ཆས་ཏེ་ལྗོངས་རྒྱུའི་འགོ་བཟུང་། དུས་ཚོད་ཕྱེད་ཀ་ཙམ་བསྐྱོད་མཐར་སེང་གེ་རི་ (Sigiriya) ཟེར་བའི་བྲག་མཐོན་པོའི་སྟེང་ན། སྔོན་སིངྒ་ལའི་རྒྱལ་པོ་འོད་སྲུང་ངམ་ཁཱ་སུའུ་ཡ་པཱ་ (Kasyapa) ཟེར་བས་བསྐྲུན་པའི་གནའ་བོའི་ཕོ་བྲང་གི་ཤུལ་འདུག་པར་བསྐྱོད། མཁར་ཤུལ་འདི་སིངྒ་ལའི་ངོ་མཚར་བའི་གནའ་བོའི་མཁར་ཤུལ་ཁྱད་དུ་འཕགས་པ་ཞིག་ཏུ་བརྩི་ལ་ལོ་རྒྱུས་ཞིབ་འཇུག་པ་དང་གནའ་རྫས་རིག་པ་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱེད། འདིའི་ལོ་རྒྱུས་ཀྱང་ ༼གཏམ་རྒྱུད་གསེར་ཐང་༽ ལས། རྒྱལ་རབས་བཞི་བ་མིང་ཆེན་གྱི་རྗེས་སུ་མི་རིང་བར་སླར་ཡང་ཏ་མི་ལའི་རྒྱལ་པོས་དམག་དྲངས་ཏེ་སིངྒ་ལ་བཟུང་བ་དྷཏུསེནས་ཁོ་ཕམ་སྟེ་རང་ཉིད་རྒྱལ་པོ་བྱས། རྒྱལ་པོ་འདི་འབངས་སྤྱི་ལ་བྱམས་པར་གྲགས་ཀྱང་ཁྲིམས་རྩུབ་པས་དམག་དཔོན་སོགས་ཞེ་ལོགམཐར་རང་གི་བུ་འོད་སྲུང་གིས་སྤུན་ཐུ་བོ་མཽགལའི་བུ་བྱ་བ་གནས་ནས་བསྐྲད་དེ། ཡབ་བགྲེས་པོ་ཡོད་བཞིན་རང་ཉིད་ཀྱིས་སྲིད་བཟུང་། ཕ་དམག་དཔོན་གྱི་ལག་ཏུ་གཏད་དེ་བཀྲོངས། རྒྱལ་པོ་འདིས་སེང་གེ་རིའི་ཕོ་བྲང་བྱ་བ་བརྩིགས་པ་ད་ལྟ་ཞིག་རོ་ལས་མེད་ཀྱང་སིངྒ་ལའི་གླིང་གི་ངོ་མཚར་ཆེ་ཤོས་དེ་ཡིན། ཐོག་ཚད་བཞི་བཅུ་ལྷག་པའི་བྲག་རི་སྲུབ་མེད་ངོས་བཞི་རྩིག་པ་ལྟར་གྱེན་དུ་ལངས་པའི་རྩེར་ཕོ་བྲང་གི་ཤུལ་དང་བྲག་རང་ལ་བརྐོས་པའི་རྫིང་བུ་ཆེ་ཆུང་གསུམ། བྲག་གི་ཕྱེད་ནས་སྟེང་དུ་འཛེགས་པའི་སྒོ་སེང་གེ་ཆེན་པོའི་གཟུགས་སུ་བྱས་པའི་ཁ་ནང་ནས་འཛུལ་དགོས་པ་ལ། སེང་མགོ་ཞིག་ཟིན་ཀྱང་སྡེར་མོ་གཡས་གཡོན་གཉིས་གླང་ཆེན་གྱི་རོ་འདྲ་བ་རེ་ད་དུང་ཡང་ལུས་པ་འཇིགས་ཤིང་རྔམ་ཆགས། བྲག་ཟུར་ན་སྒྱོགས་རྡོ་ཆེན་པོ་བཙུགས་པ་ཡང་ད་དུང་དེ་གར་ལུས། ངོ་མཚར་གཞན་ཞིག་ནི་བྲག་གི་སྐེད་ན་ཤེལ་འདྲ་བའི་རྩིག་པ་རིང་པོ་ཞིག་ལུས་པའི་སྟེང་དུ། མི་ཐོག་མང་པོའི་བར་ནས་དེར་སླེབས་པའི་མི་རྣམས་ཀྱིས་རང་རང་གི་མིང་དང་རྩོམ་ཚིགས་བཅད་འགའ་ཞིག་བྲིས་པ་དག་ད་དུང་ཁྲ་ལེམ་མེར་སྣང་ཞིང་། དེ་དག་ལ་བལྟས་ཚེ་ལོ་སྟོང་ཕྲག་གཅིག་གི་ཡུན་ལ་སིངྒ་ལའི་ཡི་གེའི་གཟུགས་རྣམ་པ་ཅི་ཙམ་དུ་འགྱུར་བ་ཡང་མཐོང་ནུས་པས་ངོ་མཚར་ལ་སེམས་སྐྱོ་བ་ཞིག་ཡོད། ཕོ་བྲང་དེ་ལོ་བཅུ་ལ་བརྩིགས་ཤིང་ལོ་བརྒྱད་ལ་ལོངས་སུ་སྤྱད་ཟེར། འོད་སྲུང་གིས་ཕ་བསད་པའི་ལེ་ལན་གྱིས་འབངས་འཁོར་ཐམས་ཅད་མ་མགུ་ཞིང་། དེ་མཚུངས་མཽགལ་བུས་རྒྱ་གར་ནས་དམག་འཁྲིད་ནས་འོངས་པ་དང་འདོམས་ནས་རྒྱལ་བའི་རེ་བ་མེད་པར་གྱུར་ཏེ་རང་གི་རྩེ་ཆུང་ (མཇིང་པའི་འཕར་རྩ་ཡིནབྲེགས་ནས་བསད། རྒྱལ་པོ་འདི་གཉིས་ནག་མོ་འཁོལ་དང་དུས་མཉམ་ཟེར་ཞིང་ཞེས་བྱུང་བ་ལྟར། རྒྱལ་ས་ཁོ་ལོམ་བྷོ་ནས་བྱང་ཤར་དུ་སྤྱི་ལེ་བརྒྱ་དང་བདུན་ཅུ་ཙམ་གྱི་སར་ཡོད་ལ། དུས་རབས་ལྔ་བའི་སིངྒ་ལའི་དཱ་ཐོ་སེ་ནའི་ (Dhatusena) རྒྱལ་རབས་སྐབས་སུ་རྒྱལ་སྲས་འོད་སྲུང་ངམ་ཁཱ་སུའུ་ཡ་པཱ་ (Kasyapa) ཞེས་པས་རང་གི་གཅེན་པོ་མཽ་ག་ལའི་བུ་ (Mogallana) གནས་ནས་བསྐྲད་པར་གཅེན་པོ་རྒྱ་གར་ལ་བྲོས་བྱོལ་དུ་སོང་བ་དང་། ད་དུང་ཡབ་བཀྲོངས་པ་སོགས་ཀྱི་ལས་བྱས། རང་གི་གཅེན་པོ་མཽ་ག་ལའི་བུས་འཁོན་ལན་སློག་པ་འགོག་པའི་ཆེད་དུ་སེང་གེ་རིའི་སྒང་འདི་ལ་ཕོ་བྲང་དང་བཙན་རྫོང་ལོ་བཅུ་ལ་བརྩིགས་ཤིང་ལོ་བརྒྱད་ལ་རྒྱལ་མཁར་བྱས། འོད་སྲུང་གིས་ཕ་བསད་པས་འབངས་འཁོར་མ་མགུ་ཞིང་། དེ་མཚུངས་རང་གི་གཅེན་པོ་མཽ་ག་ལ་བུས་རྒྱ་གར་ནས་དམག་འཁྲིད་ནས་དྲག་འདུལ་བྱས་པ་ལ་རྒྱལ་བའི་རེ་བ་མེད་པར་གྱུར་ཏེ་མཇིང་པའི་འཕར་རྩ་བྲེགས་ནས་ཤི། དེ་ནས་སིངྒ་ལའི་རྒྱལ་པོ་གསར་བ་མཽ་ག་ལའི་བུས་རྒྱལ་ས་ཡུལ་གཞན་དུ་སྤོས་ཏེ་བར་སྣང་གི་ཕོ་བྲང་འདི་མེད་པར་བཟོས་པར་བཤད།

ང་ཚོ་བྲག་ངོས་ཀྱི་ཀྱག་ཀྱོག་གི་རྡོ་ཐེམ་བརྒྱུད་ནས་རི་རྩེར་བསྐྱོད། སེང་གེ་རི་ནི་བྲག་རི་ཆེན་པོ་དབྱིབས་གྲུ་བཞི་གྱེན་དུ་ལངས་པ་ཞིག་སྟེ་བྲག་རྐེད་དུ་རྡོ་ཐེམ་ཧ་ཅང་གཟར། བྲག་རྐེད་ཀྱི་ཐེམ་ཡངས་པ་ན་སྔོན་སྒོ་སེང་གེ་ཆེན་པོའི་གཟུགས་སུ་བྱས་པའི་ཁ་ནང་འཛུལ་ནས་བསྐྱོད་དགོས་པར་བཤད་ཀྱང་། དེང་སེང་གེའི་ཁའི་སྒོ་ཆེན་པོ་བཤིག་ནས་སོ་ཕག་གིས་གསར་དུ་བསྐྲུན་པ་འདུགསྒོའི་གཡས་གཡོན་དུ་སེང་གེའི་སྡེར་མོ་གཉིས་འཇིགས་ཤིང་རྔམ་ཆགས་ལ་སེང་གེ་རི་ཞེས་པ་ཡང་འདི་ལ་བརྟེན་ནས་ཐོགས་པར་ངེས། རི་རྩེ་ན་སྔོན་མའི་ཕོ་བྲང་གི་ཤུལ་དང་རྒྱལ་པོ་དང་བཙུན་མོའི་ཁྲུས་རྫིང་དང་མཁར་ཤུལ་མང་དུ་འདུག་ལ། མཐའ་འཁོར་གྱི་ལྗོངས་ཆེན་པོ་ས་གཞི་ཡངས་ཤིང་ནགས་ཚལ་གྱིས་བརྒྱན་ཞིང་། འདབས་ན་རྒྱལ་པོའི་མཁར་ཤུལ་དག་ནག་རོག་གེར་མཐོང་། ང་ཚོས་རི་སྟེང་ནས་ཡུན་རིང་ལ་ངལ་གསོས་ཏེ་སིངྒ་ལའི་རྒྱལ་སྲས་གཅེན་གཅུང་གཉིས་ཀྱིས་སྲིད་ཁྲི་རྩོད་པའི་འཁྲུག་འཛིང་དེ་དྲན་འཛིན་གྱི་མེ་ལོང་ངོས་སུ་རེ་ཞིག་བློས་བསླངས་བྱས། རི་སྟེང་ན་ཆུ་མིག་མེད་ཀྱང་རྫིང་བུ་ཆེ་ཆུང་གསུམ་གྱི་ནང་དུ་ཆུ་འཁྱིལ་ནས་འདུག་པ་ཆར་ཞོལ་ཆེ་བས་གནམ་ཆུ་འཁྱིལ་བར་ངེས་ཀྱང་མང་པོ་ཞིག་གིས་ངོ་མཚར་དུ་བརྩི། རི་རྩེར་སྐབས་རེར་བསིལ་རླུང་དལ་བུ་ལྡང་ཡོང་དུས་ཚ་བས་གདུང་བ་ཡོངས་སུ་སེལ་བར་བྱེད་ལ། གནའ་བོའི་རྒྱ་གར་གྱི་སྙན་ངག་དག་ཏུ་རླུང་དང་ཟླ་བ་ལ་བསྟོད་པའི་སྙན་ཚིག་མང་དུ་སྣང་བའི་གནད་ཀྱང་འདི་ནས་རྟོགས་ཡོང་། ཏམྦུ་ལ་བྲག་ཕུག་དང་སེང་གེ་རི་འདི་གཉིས་འཛམ་གླིང་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ལ། ཕྱི་གླིང་གི་ཡུལ་སྐོར་བ་ཡང་མང་དུ་འདུགཐམས་ཅད་ངོ་མཚར་བའི་མདངས་དང་བཅས་བསམ་གཞིག་གི་ཀློང་ན་གདའ། ཕྱིར་ལམ་གྱི་བྲག་རྐེད་ན་གནའ་བོའི་རི་མོ་དང་ཡི་གེ་རྙིང་བ་འདུག་པ་ལ་བལྟས། རི་མོ་འདི་དག་ངོ་མཚར་ཅན་དུ་བརྩི་ལ། དགེ་ཆོས་ཀྱིས་བྲག་གི་རྩིག་ངོས་ན་གནའ་བོའི་ཡིག་རྙིང་མང་དུ་མཐོང་བར་བཤད་པ་ཡང་འདི་ཡིན་ངེས། མཇལ་ཚར་རྗེས་ཏམྦུ་ལ་བྲག་ཕུག་དགོན་གྱི་ཉེ་འགྲམ་གྱི་མདང་དགོང་གི་མགྲོན་ཁང་དུ་སོང་ནས་ངལ་གསོས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།