སིངྒ་ལའི་གླིང་དུ་གནས་མཇལ་དུ་བསྐྱོད་པའི་ཟིན་ཐོ།(གསུམ་པ)
ཉིན་གཉིས་པ། ཏམྦུ་ལ་བྲག་ཕུག་དགོན་ལ་མཇལ་བ།
ཟླ༤པའི་ཚེས༢༦ཉིན་གྱི་ཞོགས་པར་ཨ་ནུ་རཱ་དྷ་པུ་རའི་ཨ་ཤོ་ཀའི་མགྲོན་ཁང་ལས་ནངས་ཟས་ལ་རོལ་རྗེས། དུས་ཚོད་གཉིས་དང་ཕྱེད་ཀར་བསྐྱོད་མཐར་འགྲེམ་སྟོན་ཁང་ཞིག་དང་རོ་ཡའི་ཕོ་བྲང་ (Royal Palace) ཟེར་བའི་དུས་རབས་བཅུ་གཉིས་པའི་མཁར་ཤུལ་ལ་གནས་སྐོར་བྱས། དེ་ནས་དུས་རབས་བཅུ་བའི་སྔོན་གྱི་སིངྒ་ལའི་གླིང་གི་རྒྱལ་རབས་རིམ་བྱོན་གྱིས་བཞེངས་པའི་གནའ་བོའི་གཙུག་ལག་ཁང་དང་ཕོ་བྲང་གི་མཁར་ཤུལ་མང་པོ་ལ་མཇལ། སྟོན་པ་དང་ཉན་ཐོས་མང་པོའི་རྡོ་སྐུ་ཆགས་སྐྱོན་ཤོར་བ་དང་། རྒྱལ་པོའི་བཞུགས་གནས་ཀྱི་མཁར་ཤུལ་རྡོ་ལས་བཟོས་པ་ལ་བརྐོས་རིས་ངོ་མཚར་ཅན་སོགས་ད་དུང་མ་ཉམས་པ་འདུགའདི་ལས་སྔོན་སིངྒ་ལའི་གླིང་དུ་རྡོ་ཆས་ཀྱི་བཟོ་རྩལ་ཤིན་ཏུ་དར་བ་རྟོགས་ཐུབ། མཁར་ཤུལ་དག་ནགས་ཀློང་དང་རྩི་ཤིང་སྣ་ཚོགས་ཀྱིས་བརྒྱན་ཞིང་ཕྱོགས་གང་སར་འབུ་སྲིན་གྱི་སྒྲ་ནི་བར་མ་ཆད་དུ་གྲགས་འོང་། པདྨའི་མཚོ་དང་མེ་ཏོག་གི་སྐྱེད་ཚལ་དུ་མས་ཕྱོགས་ཐམས་ཅད་དུ་ཉམས་དགའ་བར་བྱེད་ཀྱང་། ཉིན་གུང་ཚ་བ་ཆེ་དྲགས་པས་མགྱོགས་ཙམ་གྱིས་འཁོར་ནས་ཚར་བར་བྱས་ཏེ་མགྲོན་ཁང་དུ་ངལ་གསོས།
ཕྱི་དྲོ་སིངྒ་ལའི་གླིང་གི་དུས་རབས་དང་པོ་དང་གཉིས་པའི་ནང་བཞེངས་པའི་ཏམྦུ་ལ་བྲག་ཕུག་དགོན་ (Dambulla Cave Temple) ཟེར་བའི་ནང་གི་གནའ་བོའི་རྡོ་སྐུ་དང་ལྡེབས་རིས་དག་ལ་གནས་མཇལ་དུ་བསྐྱོད། བྲག་ཕུག་འདི་ཏམྦུ་ལ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་བྲག་རི་ཆེན་པོ་ཞིག་གི་རྐེད་ན་ཡོད་ལ། རི་འདབས་ནས་རླངས་འཁོར་ལས་བབས་རྗེས་མེ་ཏོག་གི་མཆོད་རྫས་ཉོས་ཏེ་རྡོ་སྟེགས་བརྒྱུད་ནས་སྐྱོད་དུས། ཆར་བ་ཆུང་ཆུང་ཞིག་གློ་རྡེག་ལ་བབས་པ་ནི་དུས་ཐོག་ཆར་བ་རུ་ངེས།
བྲག་ཕུག་འདིའི་ལོ་རྒྱུས་དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས་“སངས་རྒྱས་འདས་ནས་ལོ་ལྔ་བརྒྱ་དང་གཅིག་པ་ལ་རྒྱལ་པོ་བ་ལ་གམྦའམ་མིང་གཞན་འཇིགས་མེད་བྱ་བས་སྲིད་བསྐྱངས། སངས་རྒྱས་འདས་རྗེས་ཀྱི་ལོ་ལྔ་བརྒྱ་དང་གཅིག་པ་ནས་འདིའི་ཁྲི་ལོ་ཚུགས། མི་རིང་བར་རྒྱ་གར་ཏ་མི་ལའི་མུ་སྟེགས་ཀྱི་རྒྱལ་པོ་འོངས་ནས་ཁྲི་ལས་ཕབ། ནགས་ཚལ་དུ་སྦས་ཏེ་བྲོས་པས་བྱ་སྐྱིབས་རྣམས་ལ་ཐིགས་འཛགས་ཆེ་བས་དཀའ་ཚེགས་མྱོང་། སླར་རྒྱལ་སྲིད་ཐོབ་ནས་རང་ཉིད་བསྡད་པའི་བྲག་སྐྱིབས་རེ་རེ་བཞིན་དུ་གཙུག་ལག་ཁང་བརྩེགས་པས་སིངྒ་ལའི་རྒྱལ་པོས་རྡོ་ལ་ཡང་བྱས་པ་གཟོ་བར་གྲགས། ”ཞེས་དང་། “སྔར་ཏམྦུ་ལའི་རི་ལ་སྦས་ཏེ་དགྲའི་ལག་ནས་ཐར་བས་བྲག་རི་དེ་ལ་ཏམྦུ་ལའི་གཙུག་ལག་ཁང་བརྩིགས་པ་ཡང་། ད་ལྟའི་བར་རྒྱས་ཤིང་འབྱོར་ཏེ་གནས། ”ཞེས་བྱུང་བ་ལྟར། རྒྱལ་པོ་བ་ལ་གམྦའམ་མིང་གཞན་འཇིགས་མེད་བྱ་བ་རྒྱ་གར་ཏ་མི་ལའི་མུ་སྟེགས་ཀྱི་རྒྱལ་པོས་ཁྲི་ལས་ཕབ་པར་བྲོས་ནས་རང་ཉིད་ཡིབ་སའི་བྲག་སྐྱིབས་སུ་བཞེངས་པའི་བྲག་ཕུག་དག་ཡིན་ལ། རྒྱལ་པོ་དེ་འདིར་ལོ་དགུར་བསྡད་དེ་ཕྱིས་དམག་དྲངས་ནས་མུ་སྟེགས་པ་རྣམས་ཕམ་པར་བྱས་རྗེས་རང་ཉིད་བསྡད་ས་ཏམྦུ་ལའི་རི་འདིར་གཙུག་ལག་ཁང་དང་སྐུ་བརྙན་མང་པོ་བཞེངས་པར་བཤད། ད་ལྟ་འཕྲེད་དུ་བྲག་ཕུག་ཆེ་བ་ལྔ་ཙམ་མཆིས་པའི་ནང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རྡོ་བརྐོས་ཀྱི་སྟོན་པ་མཆོག་དང་སངས་རྒྱས་གཞན་དག་དང་ཉན་ཐོས་རྣམས་ཀྱི་སྐུ་བརྙན་དང་ལྡེབས་རིས། མཆོད་རྟེན་མང་དུ་བཞུགས་ལ། བྲག་ཕུག་ཅིག་གི་སྒོའི་ནང་ལོགས་ན་རྒྱལ་པོ་བ་ལ་གམྦའི་སྐུ་བརྙན་ཡང་མཆིས། སྟོན་པ་མྱ་ངན་ལས་འདས་པའི་རྡོ་སྐུ་ཆེན་པོ་སྐུ་བྱད་མཛེས་པ་རེ་གཉིས་ཀྱང་བཞུགས་ཤིང་འདི་འདྲ་ཡུལ་གཞན་གྱི་ལྷ་ཁང་དུ་ཡང་མཐོང་། མྱང་འདས་རྣམ་ཅན་གྱི་སྐུ་གཟུགས་འདི་འདྲ་རྒྱ་ནག་གི་གནའ་བོའི་དགོན་པ་དག་ན་ཡང་མང་དུ་མཇལ་རྒྱུ་འདུག་ཀྱང་། རང་ཅག་བོད་ཡུལ་ན་མངོན་པར་སངས་རྒྱས་པ་དང་། ལྷག་པར་ལོངས་སྐུའི་རྣམ་པ་སོགས་ལས་མྱང་འདས་ཀྱི་རྣམ་ཅན་འདི་འདྲ་མི་སྣང་བ་ནི་རྟེན་འབྲེལ་གྱིས་མ་བཞེངས་པ་ཨེ་ཡིན་སྙམ། དགེ་ཆོས་ཀྱིས་ཀྱང་འདི་ལ་དཔྱད་པ་གནང་འདུག་ལ་“ཉན་ཐོས་སྡེ་བ་རྣམས་ནི་ཆོས་ཀྱི་གོ་བ་བཟང་ཞིང་མྱ་ངན་ལས་འདས་ཚེ་གོ་འཕང་མཐར་ཐུག་བརྙེས་པར་འདོད་པས་རྟེན་གྱི་གཙོ་བོ་ཡང་དེ་ལ་བྱེད་”ཅེས་ལྷག་མེད་མྱང་འདས་འདོད་པའི་རྒྱུ་མཚན་གྱིས་བཤད་ལ། རང་རེས་ལོངས་སྐུ་མང་དུ་བཞེངས་པ་ནི་དུས་བསྐལ་བ་མ་སྟོང་བར་དུ་བསྟན་པ་གནས་པའི་རྟེན་འབྲེལ་བསྒྲིགས་པར་ངེས། འདིའི་བྲག་ཕུག་དག་ཏུ་སངས་རྒྱས་མང་པོའི་སྐུ་བརྙན་མང་དུ་བཞུགས་པ་འདི་འདྲ་སིངྒ་ལའི་དགོན་པ་དག་ཏུ་མཐོང་རྒྱུ་མི་འདུགབྲག་ཕུག་འདི་སིངྒ་ལའི་གླིང་གི་བྲག་ཕུག་མང་པོའི་ཁྲོད་གཞི་ཁྱོན་དང་བརྗིད་ཉམས་ཆེ་ཤོས་དང་། འདིའི་ལྡེབས་རིས་མང་པོ་ཞིག་དུས་རབས་བཅུ་བདུན་པའི་ནང་བཞེངས་ལ་དེའི་སྐབས་ཀྱི་དཔེ་མཚོན་གྱི་རི་མོ་ཡིན་པར་བཤད། ལོ་ངོ་སྟོང་ཕྲག་ཡན་གྱི་ལོ་རྒྱུས་ལྡན་པའི་སྐུ་གཟུགས་དག་ལ་གསོན་ཉམས་དང་བཟོ་བའི་མཛེས་རྩལ་མངོན་པར་གསལ་ལ། ལྡེབས་རིས་དག་གི་ཚོན་མདངས་རྣམ་པར་བཀྲ་བ་སོགས་རིག་གནས་སྒྱུ་རྩལ་གྱིས་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད།
མཇལ་ཚར་དུས་ཆར་བ་འབབ་མཚམས་བཞག་བྱུང་བས་རི་རྐེད་ནས་ཉེ་འཁོར་གྱི་རི་ལུང་ཐམས་ཅད་གསལ་ལེར་མཐོང་། རང་ཅག་བོད་ཡུལ་གྱི་རི་བོ་མཐོན་པོ་དེ་འདྲ་མེད་ཀྱང་ཐག་ཉེ་རིང་གི་རི་བོ་དག་ནགས་ཚལ་དང་རྩི་ཤིང་སྣ་ཚོགས་ཀྱིས་བརྒྱན་པས་ལྗང་ལྡེམ་མེར་སྣང་ལ། ཆར་ཞོད་ཆེ་བས་གང་སར་བརླན་དྲི་ཐུལ་ཞིང་བྲག་རྡོ་དག་ལ་ཡང་ཆུ་བལ་ཆགས། ཕྱིར་ལམ་དུ་བྲག་ཕུག་གི་འདབས་ན་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་བཞུགས་པ་ལ་མཇལ། དགོང་མོ་ཏམྦུ་ལ་བྲག་ཕུག་དགོན་པའི་ཉེ་འགྲམ་གྱི་མགྲོན་ཁང་ཞིག་ཏུ་བསྡད།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn