སིངྒ་ལའི་གླིང་དུ་གནས་མཇལ་དུ་བསྐྱོད་པའི་ཟིན་ཐོ།(གཉིས་པ)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-08-23 17:07:27     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།    ཀློག་ཐེངས།  

微信图片_20240823171454.jpg

ཉིན་དང་པོ། བྱང་ཆུབ་ལྗོན་ཤིང་ལ་མཇལ་བ།

ད་ནི་ཐེངས་འདིའི་ཉིན་ལྔའི་གནས་མཇལ་སྐབས་ཀྱི་མཐོང་ཐོས་དག་ཟིན་བྲིས་སུ་བཏབ་པ་འཕྲི་སྣོན་དང་བཅས་འགོད་པ་ལ། ཕྱི་ཟླ༤བའི་ཚེས༢༥ཉིན་གྱི་ཞོགས་པར་སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོའི་ཉེ་འགྲམ་གྱི་གནམ་ཐང་གི་མགྲོན་ཁང་ལས་ལངས་ཏེ་རྒྱ་མཚོའི་ཁ་རུ་འཆམ་འཆམ་དུ་བསྐྱོད། རྒྱ་མཚོ་ཆེན་པོའི་རྦ་རླབས་གཅིག་རྗེས་གཉིས་མཐུད་ཀྱིས་འགྲམ་ངོགས་ཀྱི་བྱེ་ཐང་དུ་འཕྱོ་ཞིང་། མཐའ་རུ་པེ་ཏ་ཤིང་གི་ལྗོན་པ་དང་ངལ་གསོའི་རྩྭ་ཁང་མང་པོ་འདུགཤ་མདོག་ནག་ལ་སྐམ་ཆགས་པའི་ཉ་བ་འགས་ཉ་འཛིན་པར་བྱེད། མགྲོན་ཁང་གི་འོག་ཁང་དུ་ཞོགས་ཟས་ལ་རོལ་རྗེས་འགྲུལ་བཞུད་རླངས་འཁོར་ལ་བསྡད་དེ་ཐེངས་འདིའི་སིངྒ་ལའི་གནས་མཇལ་གྱི་འགོ་བཟུང་། སྣེ་ཤན་པས་སིངྒ་ལའི་ལོ་རྒྱུས་དང་ཡུལ་སྲོལ་ཆོས་ལུགས་སོགས་ངོ་སྤྲོད་གནང་། ལམ་བར་གྱི་གྲོང་ཁྱིམ་དག་གི་ཁང་བ་སྟབས་བདེ་ཞིང་ཉིས་ཐོག་ཅན་ཡང་འདུག་ལ། སྡོད་ཁང་ཡོད་ཚད་སྒལ་འཛིང་ཅན་དུ་འདུག་པ་ནི་ཆར་ཞོལ་ཆེ་བས་ཨེ་ཡིན་སྙམ་ལ། གང་སར་པེ་ཏའི་ཤིང་དང་ངང་ལག་གི་ལྗོན་པ་སོགས་བཟའ་ཤིང་མེ་ཏོག་སྣ་ཚོགས་འཁྲིགས་ཤིང་། མིང་མི་ཐོགས་པའི་ལྗོན་པའི་རིགས་མང་དུ་མཆིས་པས་རི་ཀླུངས་ཐམས་ཅད་ལྗང་ལྡེམ་མེར་འཆི་མེད་གྲོང་ལ་ཅོ་འདྲི་བ་ཤ་སྟག་ཏུ་སྣང་། དུས་རབས་ལྔ་བའི་སྟོད་དུ་སིངྒ་ལར་ཕེབས་མྱོང་བའི་རྒྱའི་བཙུན་པ་ཧྥ་ཤཱན་ (ཕཱ་ཧྱིན་གྱི་ལམ་ཡིག་ལས། ཡུལ་འདིར་དབྱར་དགུན་གྱི་དབྱེ་བ་མེད་པས་ཞིང་འདེབས་པ་ནི་མི་རྣམས་ཀྱི་འདོད་བློའི་རྗེས་སུ་བྱེད་པ་སྟེ། ནམ་རྨོ་འདེབས་བྱེད་འདོད་ན་དེ་དུས་བྱེད་ཆོག་ཚུལ་བཤད་པ་ལྟར། ལམ་བར་གྱི་ས་ཞིང་རྨོས་ཟིན་མ་ཐག་དང་འགའ་ཞིག་ལོ་ཏོག་རྔ་བའི་དུས་ལ་སླེབས། སྔོ་ལྡེམ་མེར་འཁྱིལ་བའི་མཚོ་དང་མཚེའུ་མང་དུ་འདུག་ལ། ལམ་འགྲམ་གྱི་ནགས་ཚལ་ཆེན་པོ་དག་ཏུ་གླང་བོ་ཆེ་དག་རྩ་ཆུ་ལ་རོལ་བའང་མཐོང་།

དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་ (Kurunegala)  ཞེས་པའི་གནས་ཀྱི་སིངྒ་ལའི་དགོན་ཆུང་ཞིག་ལ་མཇལ། དགོན་པའི་སྒོ་ཆེན་ཁར་མི་སྐྱ་འགས་པུས་མོ་ས་ལ་བཙུགས་ནས་གུས་ཕྱག་དང་བཅས་ནང་དུ་བསུས། དགོན་པའི་གནས་བརྟན་རྒན་པ་ཞིག་གིས་གུས་བསུའི་མཚམས་སྦྱོར་དང་ཇ་དང་ཤིང་འབྲས་དྲངས། རྒྱའི་གྲྭ་བཙུན་ཞིག་བཞུགས་པས་ལོ་ཙཱ་བྱས་ཏེ་སིངྒ་ལའི་གླིང་གི་ནང་བསྟན་དད་མོས་སྐོར་དང་དེང་གླིང་ཡོངས་ན་དགོན་པ་ལྔ་སྟོང་ལྷག་ཡོད་པ་དང་། སྟོན་པ་སངས་རྒྱས་མཆོག་སིངྒ་ལར་ཕེབས་ཚུལ། དགོན་པའི་ནང་ནང་བསྟན་གྱི་སློབ་གྲྭར་པཱ་ལེའི་སྐད་ཡིག་སྦྱོང་བཞིན་པ་སོགས་ངོ་སྤྲོད་གནང་བྱུང་། དགོན་པའི་གཙུག་ལག་ཁང་རི་སྒང་ན་ཡོད་པར་མཇལ། ལྷ་ཁང་དང་གཙུག་ལག་ཁང་མང་པོ་མི་འདུག་ལ་ལྷ་སྐུ་ཡང་སྟོན་པ་དང་ཉན་ཐོས་ལས་གཞན་མི་འདུགསྟོན་པའི་འཁོར་དུ་མཆོག་ཟུང་ལས་མཽ་འགལ་གྱི་བུ་སྐུ་མདོག་སྔོན་པོ་ཅན་བཞེངས་པ་འདུགདེ་ནི་མཽ་འགལ་གྱི་བུ་ལ་སྐུ་ཚེའི་སྨད་དུ་ཕྱི་རོལ་བས་བརྡུངས་ནས་བཀྲོངས་པའི་ལས་ཀྱི་རྣམ་སྨིན་མཚོན་བྱེད་ཡིན་པར་བཤད། ཕྱིར་འོང་དུས་དགོན་པའི་སྒོའི་ནང་རོལ་དུ་གྲྭ་བཙུན་གཞོན་ནུ་འགས་གུས་པ་དང་བཅས་ཡུལ་གྱི་ཟས་རིགས་དྲངས་པ་ཅུང་ཙམ་རེ་བླངས་ནས་སྤྱད། དེ་ནས་དུས་ཚོད་གཉིས་ལྷག་ལ་བསྐྱོད་མཐར་གནས་མཆོག་ཨ་ནུ་རཱ་དྷ་པུ་རའམ་ (Anuradhapura) མ་འགག་པའི་གྲོང་ཁྱེར་ཞེས་པར་སླེབས་ཏེ། ཐོག་མར་སྔོན་མིན་ཥོའུ་རྩ་འཛུགས་ཀྱིས་སིངྒ་ལར་བཙན་འཛུལ་བྱེད་དུས། སིངྒ་ལའི་དམག་མིས་འགོག་རྒོལ་ནང་རང་སྲོག་ཤོར་བ་དང་། ཕ་རོལ་བསད་པའི་སྡིག་སྦྱོང་གི་ཆེད་དམག་མི་རྣམས་ཀྱིས་རང་གི་ཕོག་དང་ལུས་ཤུགས་ཕུལ་ནས་བཞེངས་པའི་མཆོད་རྟེན་ཆེན་མོའི་ནང་སྟོན་པ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པ་ལ་མཇལ། དེ་ནས་སིངྒ་ལའི་གླིང་གི་རྟེན་གསུམ་གྱི་ཡ་གྱལ་བྱང་ཆུབ་ལྗོན་ཤིང་ལ་མཇལ་དུ་བསྐྱོད།

བྱང་ཆུབ་ལྗོན་ཤིང་ལ་ (Jaya Sri Maha Bodhi ) ཞེས་འབོད་ལ། དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ དུ། ཧ་ལམ་ཕྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་དཀྱིལ་ཙམ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུ་གླིང་ཀུན་ཏུ་ནང་བསྟན་དར་སྤེལ་མཛད་དུས། རང་ཉིད་ཀྱི་སྲས་མཧེནྡྲའམ་དགེ་སློང་དབང་ཆེན་སྡེ་གཙོ་བྱས་དགེ་སློང་བཞི་དང་ཚ་བོ་དགེ་ཚུལ་གསུམ་དང་བཅས་སིངྒ་ལའི་གླིང་དུ་ཆོས་སྤེལ་བར་བཏང་སྟེ། སིངྒ་ལའི་རྒྱལ་པོ་སྐར་རྒྱལ་ (དེ་ཝ་ནམ་པི་ཡ་ཏིསྶ)  འཁོར་འབངས་དང་བཅས་པ་བདེན་པ་ལ་བཀོད། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྐར་རྒྱལ་གྱི་རེ་བ་བཞིན་རང་གི་སྲས་མོ་དགེ་འདུན་རྩ་ལག་མའམ་སིངྒ་མིཏཱ (Sanghamittaa) ཡང་སིངྒ་ལར་མངགས། སྐབས་དེར་དགེ་འདུན་རྩ་ལག་མས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་ཡལ་ག་ཞིག་སིངྒ་ལར་གདན་དྲངས་ནས་ཕེབས་པ་རྒྱལ་པོ་སྐར་རྒྱལ་གྱིས་སྔོན་མེད་པའི་བསུ་བ་རྒྱ་ཆེར་མཛད་ལ། བྱང་ཆུབ་ཤིང་གི་ཡལ་ག་དེ་སྤྲིན་ཆེན་པོའི་ཀུན་དགའ་རྭ་བར་བཙུགས་པ་དང་། སིངྒ་ལའི་མ་འགག་པའི་གྲོང་ཁྱེར་དུ་འབོད་པའི་གནས་སུ་བཞུགས་པར་བཤད་པའི་གནས་འདི་ཡིན་ལ། དུས་རབས་མི་འདྲ་བའི་ནང་གནོད་སྐྱོན་མང་དུ་ཐེབས་པར་བཤད། དགེ་འདུན་ཆོས་འཕེལ་སིངྒ་ལར་ཕྱི་ལོ༡༩༤༠ལོའི་ནང་ཕེབས་སྐབས་སུ། མ་འགག་པའི་གྲོང་ཁྱེར་ཏེ་ཨ་ནུ་རཱ་དྷ་པུ་རའི་ནང་བྱང་ཆུབ་ལྗོན་པ་ཤིན་ཏུ་རྒས་པ་ཞུམ་པའི་རྣམ་པ་ཅན་བཞུགས་ཤིང་། སིངྒ་པ་རྣམས་ཀྱིས་སྲོག་གི་སྙིང་པོ་ལྟར་གཅེས་སྤྲས་བྱེད། ཡ་ང་བའི་སྐབས་ཀུན་ཏུ་དམག་དཔུང་ཆེན་པོས་བསྐོར་ཏེ་སྲུང་བར་བཤད་པ་ལྟར། ད་ལྟ་ཡང་དམག་མི་འགས་ཕྱི་ནང་བསྲུངས་ཤིང་སིངྒ་ལ་རྣམས་ཀྱིས་ཤིན་ཏུ་རྩ་ཆེན་པོར་འཛིན།

ང་ཚོས་སིངྒ་ལའི་ཡུལ་སྲོལ་ལྟར་མེ་ཏོག་ཉོས་ཏེ་མཆོད་མཇལ་ལ་བསྐྱོད། སྒོ་ཆེན་པོའི་ཁར་ལྷམ་ཕུད་དེ་ནང་དུ་བསྐྱོད་པ་ན་རྡོ་རིང་དཀར་པོ་གནམ་ལ་ཟུག་པ་གཉིས་ཀྱི་སྟེང་ན་རྡོའི་སེང་གེ་འགྱིངས་པ་ནི་མྱ་ངན་མེད་ཀྱིས་བཞེངས་པའི་རྒྱ་གར་གནས་ཆེན་ཁག་གི་རྡོ་རིང་གི་རྣམ་པ་འདུག་ལ། དེ་ནས་ཡར་བསྐྱོད་པའི་སྒོ་ཆེན་དཀར་པོའི་ནང་ལོགས་ན་ཐོག་བརྩེགས་བང་རིམ་གསུམ་འདུག་པའི་བང་རིམ་གསུམ་པ་ན་བྱང་ཆུབ་ལྗོན་པ་ཉིད་བཞུགས་པ་ལ་རྭ་བས་བསྐོར་འདུགང་ཚོ་བོད་ཡུལ་ནས་ཡོང་ཚུལ་དང་བོད་ཀྱི་དགེ་འདུན་པ་ཡིན་ཚུལ། བྱང་ཆུབ་ལྗོན་པ་ལ་དངོས་མཇལ་གནང་དགོས་ཚུལ་གྱི་རེ་བ་ཞུས། ཅུང་ཙམ་སྒུག་རྗེས་དགེ་འདུན་པ་ཞིག་གིས་རྭ་བའི་སྒོ་ཕྱེས་ནས་ལྗོན་པ་དངོས་ལ་མཇལ་ཁ་ཞུ་རུ་བཅུགདད་ལྡན་མང་ཚོགས་དག་དུས་རྒྱུན་རྭ་བ་ཕྱི་མ་གཉིས་མ་གཏོགས་བང་རིམ་གསུམ་པའི་རྭ་བར་བཞུགས་པའི་བྱང་ཆུབ་ལྗོན་པའི་སར་གཏོང་གི་མི་འདུག་ལ་ཐག་རིང་ནས་མཇལ་དགོས། དགེ་ཆོས་ཀྱིས་བྱང་ཆུབ་ལྗོན་པ་ཤིན་ཏུ་རྒས་པ་ཞུམ་པའི་རྣམ་པ་ཅན་དུ་བཤད་པ་ནི་ད་ལྟ་རྭ་བའི་ནང་བྱང་ཆུབ་ལྗོན་པ་ཆེན་པོ་སྐམ་པ་ཞིག་འདུག་པ་དེ་ཡིན་ངེས། དེའི་རྩ་བ་ལས་ཡལ་ག་གཅིག་ཕྱོགས་སུ་རྒྱས་པ་ལ་གསེར་གྱི་ཀ་བ་མང་པོས་ཡར་བཀྱགས་ཏེ་སྲུང་སྐྱོབ་བྱས་འདུག་ལ། རྭ་བའི་ནང་བྱང་ཆུབ་ལྗོན་པ་མ་ཡིན་པའི་ལྗོན་པ་མང་དུ་འདུག་པ་དག་གི་ཡལ་ག་ཡང་ཕྱོགས་སུ་གྱེས། སིངྒ་ལའི་དགེ་འདུན་དང་དད་ལྡན་ཁྱིམ་པ་མང་པོས་མེ་ཏོག་རེ་བསྣམས་ཏེ་བྱང་ཆུབ་ལྗོན་པ་ལ་ཕུལ་རྗེས། ལག་གཉིས་ཐལ་མོ་སྦྱར་ནས་ལ་ལས་གསོལ་འདེབས་དང་འགའ་ཞིག་གིས་མིག་ཟུང་བཙུམ་ནས་སྒོམ་ལ་ཞུགས། ང་ཚོས་ཀྱང་མེ་ཏོག་གི་མཆོད་པ་ཕུལ་ནས་ ༼དཀོན་མཆོག་རྗེས་དྲན་༽ དང་ ༼རྟེན་འབྲེལ་བསྟོད་པ་༽ སོགས་དལ་འདོན་བགྱིས་ཏེ་གསོལ་འདེབས་བྱས། གླིང་འདིར་བྱང་ཆུབ་ལྗོན་པ་ལ་མཆོད་འབུལ་རྒྱ་ཆེར་བྱེད་ལ། དེ་ལ་མཆོད་པས་བྱང་ཆུབ་ཐོབ་པའི་རྒྱུར་འགྲོ་བར་བཤད། ཡུལ་མི་མང་པོས་ང་ཚོ་མཐོང་དུས་ཐལ་མོ་སྦྱར་ནས་འགྲོ་ཞིང་། ལ་ལས་གང་ནས་ཕེབས་ཚུལ་འདྲི་བ་ལ་བོད་ནས་ཡོང་ཚུལ་དང་བོད་ཀྱི་དགེ་འདུན་པ་ཡིན་ཚུལ་བཤད་དུས། ཧ་ཅང་གི་དགའ་སྣང་དང་ཡ་མཚར་བའི་རྣམ་འགྱུར་སྟོན། ཉི་ནུབ་ཀྱི་དུས་སུ་མཆོད་མཇལ་གཏོང་མཁན་ཇེ་མང་ལ་འགྲོ་བཞིན་འདུག་པ་ནི་ཚ་བ་ཆུང་བས་ཨེ་ཡིན་སྙམ། སྔོན་སྟོན་པ་མཆོག་སིངྒ་ལར་ཐེངས་གསུམ་ལ་ཕེབས་སྐབས་ས་གནས་མི་འདྲ་བ་བཅུ་དྲུག་ལ་ཞབས་ཀྱིས་བཅགས་པ་ལས། ཡུལ་འདི་ཡང་ཞབས་ཀྱིས་བཅགས་པའི་གནས་ཡིན་པའི་ལོ་རྒྱུས་འདུགརྒྱའི་བཙུན་པ་ཧྥ་ཤཱན་གྱི་ལམ་ཡིག་ཏུ་བྱང་ཆུབ་ལྗོན་པ་འདི་བཤད་ཀྱང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མོ་དགེ་འདུན་རྩ་ལག་མས་གདན་དྲངས་པ་སོགས་བཤད་མི་འདུག

དེ་ནས་བྱང་ཆུབ་ལྗོན་པའི་ཉེ་འཁོར་ན་གསར་དུ་བཞེངས་ཤིང་དཀར་ལྷམ་མེར་མཆིས་པའི་མཆོད་རྟེན་ཆེན་པོ་ལ ༼Ruwanwelisaya Stupa༽ ཟེར་བ། མཆོད་རྟེན་མཐོ་ཞིང་བརྗིད་ཆགས་པའི་ནང་སངས་རྒྱས་ཀྱི་རིང་བསྲེལ་ལྷུང་བཟེད་གང་བཞུགས་པ་ལ་མཇལ། དེ་ནི་ཕྱི་ལོ་སྔོན་གྱི་ལོ་བརྒྱ་དང་བཞི་བཅུའི་ནང་བཞེངས་པར་བཤད་ལ་སིངྒ་ལ་རང་གི་མཇལ་བ་མང་དུ་འདུགས་རུབ་དུས་རྔ་དང་གླིང་བུ་སོགས་སྙན་པའི་རོལ་མོ་དང་གདུགས་ཆེན་པོ་དང་བཅས་སྟོན་སྐུ་ཞིག་སྤྱན་འདྲེན་ལ། དད་ལྡན་མང་པོས་ཕྲེང་བསྒྲིགས་ནས་མེ་ཏོག་བཟུང་སྟེ་མཉམ་དུ་མཆོད་རྟེན་ལ་སྐོར་བ་བྱེད། འདིའི་ཉེ་འགྲམ་ན་བ་ལ་གམྦ་མཆོད་རྟེན་ཞེས་ལོ་ངོ་ཉིས་སྟོང་བརྒྱ་ལྷག་འགོར་བའི་མཆོད་རྟེན་ཆེན་པོ་སྟེང་གི་ཆོས་འཁོར་ཕྱེད་ཙམ་ལས་མི་འདུག་པ་ཞིག་བཞུགས་པ་ལ་ཡང་མཇལ། མཆོད་རྟེན་འདི་ ༼གཏམ་རྒྱུད་གསེར་ཐང་༽ ལས། སངས་རྒྱས་འདས་ནས་ལོ་ལྔ་བརྒྱ་དང་གཅིག་པ་ན་རྒྱལ་བོ་བ་ལ་གམྦའམ་ (Valagamba) མིང་གཞན་འཇིགས་མེད་བྱ་བའི་ཁྲི་ལོ་ཚུགས་པ་དང་། རྒྱ་གར་ཏ་མི་ལའི་མུ་སྟེགས་ཀྱི་རྒྱལ་པོས་དམག་དྲངས་ནས་ཁྲི་ལས་ཕབ། སླར་རྒྱལ་སྲིད་ཐོབ་ནས་འཇིགས་མེད་རི་བོའི་མཆོད་རྟེན་བཞེངས། དེ་ཡང་སྔར་ཏམིལའི་དམག་སླེབས་ཏེ་རྒྱལ་པོ་བྲོས་སྐབས་གཅེར་བུ་པའི་དགེ་སློང་ཞིག་གིས་མཐོང་སྟེ། གད་མོ་བགད་པའི་ས་མིག་དེ་ལ་བརྩིགས། རྒྱལ་པོའི་མཚན་ལས་དྲངས་ཏེ་མཆོད་རྟེན་གྱི་མིང་ཆགསཞེས་མཆོད་རྟེན་ལ་བ་ལ་གམྦ་མཆོད་རྟེན་ཞེས་རྒྱལ་པོའི་མཚན་ལས་དྲངས་པའི་མིང་ཐོགས་པ་དང་། མཆོད་རྟེན་དེ་འཇིག་ནས་རི་འབུར་ཞིག་ཏུ་གྱུར་པའི་རྩེ་ན་ཆོས་འཁོར་ཕྱེད་ཙམ་དགེ་ཆོས་ཀྱིས་མཐོང་ཟེར་བ་མཆོད་རྟེན་འདི་ཡིན་པར་སྙམ། གཞན་འཇིགས་མེད་རི་བོའི་གཙུག་ལག་ཁང་བཞེངས་ཟེར་བ་ཡང་ཕྱོགས་འདིར་ཡོད་ངེས་ལ། གཙུག་ལག་ཁང་དེར་སྔོན་སྟོན་པའི་ཚེམས་རྟེན་གྱི་གཙོ་བོར་བཞུགས་པ་དང་སྤྱན་འདྲེན་པའི་དུས་སྟོན་ཡང་སྤེལ་ཞིང་། འཇིགས་མེད་རིའི་སྡེ་བའི་གདན་སའི་ལྟེ་བ་ཡང་ཆགས་པར་བཤད། ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་གནས་བརྟན་དབང་ཆེན་སྡེ་དང་རྒྱལ་པོ་སྐར་རྒྱལ་གཉིས་ཐོག་མར་མཇལ་སའི་གནས་མཱ་ཧིན་ཏ་ལ་ (Mihintale) ཡང་འདི་དང་ཐག་ཉེ་ན་འདུག་སྐད། གནས་བརྟན་དབང་ཆེན་སྡེ་དང་རྒྱལ་པོ་སྐར་རྒྱལ་གཉིས་མཇལ་ཕྲད་ཀྱི་དུས་ཟླ་བདུན་པའི་དུས་ཙམ་ཡིན་པས་ཟླ་བ་དེའི་ནང་གནས་དེར་མཇལ་བ་མང་བར་བཤད། དགེ་ཆོས་ཀྱིས་གནས་བརྟན་རྡོ་རྗེ་མོ་ཡི་བུ་སིངྒ་ལར་གར་བཞུགས་ཀྱི་གནས་དྲིས་བར་སུ་ལ་ཡང་རྒྱུས་མི་འདུག་པ་དང་ཕྱིས་འགྲོ་མཁན་ཞིག་བྱུང་ན། མ་སྡེན་ཏ་ལའི་རི་སུལ་དུ་འཚོལ་བར་ཞུཞེས་པའི་མ་སྡེན་ཏ་ལ་ནི་ (Mihintale) འདི་ཨེ་ཡིན་སྙམ།

དེ་ལྟར་ཨ་ནུ་རཱ་དྷ་པུ་རའི་ཡུལ་ནི་ཕྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་རྒྱལ་པོ་སྐར་རྒྱལ་གྱི་རྒྱལ་ས་དང་། དེའི་ཕྱིས་སུ་ཡང་རྒྱལ་རབས་མང་པོའི་རྒྱལ་ས་ཡིན་པས་རྟེན་རྙིང་བ་མང་དུ་བཞུགས་པ་དང་། བྱང་ཆུབ་ལྗོན་པ་གཙོས་གནས་ཆེན་བརྒྱད་ཡོད་པར་བཤད་ལ། ད་ལྟ་ཡང་ཡུལ་འདིར་མཆོད་རྟེན་དང་དགེ་འདུན་གྱི་སྡེ་མང་དུ་བཞུགས། ང་ཚོ་བྱང་ཆུབ་ལྗོན་ཤིང་དང་མཆོད་རྟེན་ལ་མཇལ་དུས་མང་པོས་འཛུམ་པའི་མདངས་དང་བཅས་ལག་གཉིས་ཐལ་མོ་སྦྱོར་ལ། འགའ་ཞིག་གིས་པུས་མོ་གཡས་པའི་ལྷ་ང་སར་བཙུགས་ནས་ཕྱག་དང་བཅས་ལག་གཡས་པས་རྐང་པ་ལ་རག་པར་བྱེད། དེ་ནི་མདོ་ལས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཕྱག་མཛད་པར་གསུངས་པ་ལྟར་ཡིན་ངེས། གཙུག་ལག་ཁང་དང་མཆོད་རྟེན་འགྲམ་དུ་འགྲོ་ན་ལྷམ་དང་ཞྭ་ཕུད་ནས་རྐང་ལྗན་དུ་འགྲོ་དགོས་ལ། ཉིན་གུང་དཀྱིལ་ལ་ཚ་བ་ཆེ་དྲགས་པས་རྡོ་ཐོག་ནས་གོམ་པ་སྤོ་དཀའ་བའི་ཚད་ལ་ཐོན། བྱང་ཆུབ་ལྗོན་པ་དང་མཆོད་རྟེན་ལ་རང་ཅག་ལྟར་སྐོར་བ་དང་ཕྱག་འཚལ་མཁན་ཆེར་མཐོང་རྒྱུ་མི་འདུགམང་ཆེ་བས་གསོལ་འདེབས་དང་ཆུ་ཚོད་མང་པོར་སྒོམ་རྒྱག་པར་བྱེད། མཆོད་རྟེན་གྱི་དབྱིབས་གཟུགས་ཀྱང་རང་ཅག་གི་མཆོད་རྟེན་གྱི་རྣམ་པ་དང་མི་འདྲ་བར་དྲིལ་བུ་དང་ཝུ་བ་ལྟ་བུ་དང་རང་རེའི་མྱང་འདས་མཆོད་རྟེན་གྱི་རྣམ་པའང་འདུགའདི་ནི་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་བ་རྣམས་ལ་ཝུ་བ་ལྟ་བུའི་མཆོད་རྟེན་དང་། གཙུག་རྒྱན་དང་། དྲིལ་བུ་དང་། འབྲས་སྤུངས་ཏེ་མཆོད་རྟེན་རིགས་བཞིར་གྲགས་ཤིང་ཐམས་ཅད་ཀྱང་བཟོ་དབྱིབས་ཁོ་ན་ལས་མིང་བཏགས་ཞེས་གསུངས་པ་ལྟར་ཡིན་ངེས། སིངྒ་ལའི་མཆོད་རྟེན་དག་ལ་ཁྲི་སྟེགས་ཆུང་ངུ་ལས་མི་འདུག་ལ་རང་ཅག་གི་མཆོད་རྟེན་ལ་ཁྲི་སྟེགས་ཧ་ཅང་མཐོ་བའི་སྣང་བ་ཡང་ཤར། དགོང་མོ་སིངྒ་ལའི་ཨ་ནུ་རཱ་དྷ་པུ་རའམ་མ་འགག་པའི་ཨ་ཤོ་ཀའི་མགྲོན་ཁང་ (Ashok hotel) དུ་ཞག་སྡོད་བྱས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།