སིངྒ་ལའི་གླིང་དུ་གནས་མཇལ་དུ་བསྐྱོད་པའི་ཟིན་ཐོ།(དང་བོ)
དུས་ཚོད། ཕྱི་ལོ༢༠༢༣ལོའི་ཟླ༤བའི་ནང་།
གླེང་གཞི།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། དེ་ཡང་ཕྱི་ལོ༢༠༢༣ལོའི་ཟླ༤པའི་ཚེས༢༤ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ངེད་ཅག་ཆོས་གྲོགས་འགའ་ཧིན་དྷུ་ཉི་ཞིས་ཡའི་རྒྱལ་ས་ཅཱ་ཁར་ཁྲ་ (Jakarta) ནས་གནམ་གྲུ་ལ་བསྡད་དེ། ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་གླིང་ཕྲན་ཏེ་བདེ་བར་གཤེགས་པའི་བསྟན་པ་ལོ་ངོ་ཉིས་སྟོང་ལྷག་གི་རིང་དར་བའི་ནང་བའི་རྒྱལ་ཁམས་སིངྒ་ལའི་གླིང་དུ་བསྐྱོད། ང་ཚོས་མཐོ་བའི་མཁའ་དབྱིངས་བརྒྱུད་དེ་རྒྱ་མཚོ་ཆེན་པོ་འཕྲེད་ཀྱིས་བཅད་ནས། དུས་ཚོད་གསུམ་དང་ཕྱེད་ཀ་ལྷག་ལ་འཕུར་མཐར། དགོང་མོའི་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོའི་ (Colombo) གནམ་ཐང་དུ་འབྱོར། གནམ་ཐང་གི་གཞུང་སྒོའི་ནང་དུ་སྟོན་པ་ཐུབ་པའི་དབང་པོ་མཆོག་གི་སྐུ་བརྙན་ཆེན་པོ་ཞིག་བཞུགས་པ་ལ་གུས་ཕྱག་དང་བཅས་སིངྒ་ལའི་རྒྱལ་ཁོངས་སུ་འཛུལ། ངེད་ཅག་བསུ་བར་ཡོང་བའི་སིངྒ་ལའི་ཕོ་གཞོན་སྣེ་ཤན་དེས་ཡུལ་གྱི་ལུགས་སྲོལ་ལྟར་རབ་མཛེས་མེ་ཏོག་གི་ཕྲེང་བ་རེ་ང་ཚོའི་མགུལ་དུ་སྒྲོན། འགྲུལ་འཁོར་ལ་བསྡད་ནས་གནམ་ཐང་ཉེ་འགྲམ་གྱི་མགྲོན་ཁང་ཞིག་ཏུ་དགོང་ཟས་ལ་རོལ་རྗེས་དེ་གར་ངལ་གསོས། མགྲོན་ཁང་དེ་རྒྱ་མཚོ་ཆེན་མོའི་འགྲམ་ངོགས་སུ་ཆགས་པས་ཞག་གང་བོར་རྒྱ་མཚོའི་རླབས་སྒྲ་ཐོས་འོང་ལ། མཚོ་གླིང་ཆོས་ཀྱི་ཞིང་ཁམས་འདིར་སླེབས་ཐུབ་པས་དགའ་བ་དང་སྤྲོ་བ་ཡང་རྒྱ་མཚོའི་རྦ་རླབས་ཇི་བཞིན་ཡིད་ཀྱི་གཏིང་མཐའ་ནས་འཇགས་ཐབས་བྲལ།
ལོ་ངོ་མང་པོའི་སྔོན་ནས་དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ བཀླགས་པ་ལས་སིངྒ་ལའི་གླིང་ལ་བག་ཆགས་ཟབ་མོ་བཞག་ལ། ནམ་ཞིག་གནས་མཇལ་དུ་འགྲོ་ཐུབ་པའི་རེ་བ་དང་སྨོན་ལམ་བརྒྱབ་པ་ཡིན། སྟབས་ལེགས་པ་ཞིག་ལ། ད་ལོ་དགོན་གཞུང་གིས་མཐུན་རྐྱེན་སྦྱར་འོག་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་འགའ་ལ་གནས་མཇལ་དུ་བསྐྱོད་པའི་ཁྲོད་སིངྒ་ལའི་གླིང་འདིར་ཡང་གནས་མཇལ་དུ་འགྲོ་རྒྱུའི་བསྐལ་བཟང་མངོན་དུ་གྱུར། གླིང་འདི་ང་ཚོ་ལ་མཚོན་ན་མདོ་རྒྱུད་བསྟན་བཅོས་དུ་མ་ལས་ཡང་ཡང་ལུང་གིས་བསྔགས་ཤིང་ཉན་ཐོས་སྡེ་བའི་བསྟན་པ་རྒྱ་ཆེར་དར་བའི་གནས་མཆོག་ཁྱད་པར་བ་ཞིག་ལགས་ཏེ། སྔོན་སྟོན་པ་མཆོག་ཞལ་བཞུགས་དུས་ཡུལ་འདིར་ཐེངས་གསུམ་ལ་ཞབས་ཀྱིས་བཅགས་ཤིང་། རྒྱ་འགྱུར་ལང་ཀར་གཤེགས་པའི་མདོ་དེ་ཡང་ཡུལ་འདིའི་གདུལ་བྱ་རྣམས་ལ་སྟོན་པ་མཆོག་ནས་གསུངས། བོད་རང་གི་ཆག་ལོ་དང་ཏཱ་ར་ན་ཐ། བཙན་པོ་ནོ་མིན་ཧན་བསྟན་འཛིན་འཕྲིན་ལས་སོགས་ནས་ཀྱང་ཡུལ་འདི་ཟ་ཟུར་རེ་གླེང་འཕྲོས་བྱུང་ཡོད་ལ། ཕྱི་ལོ༡༩༤༠ལོའི་ནང་དྲན་དབང་དགེ་འདུན་ཆོས་འཕེལ་ལགས་ཡུལ་འདིར་ཕེབས་ཏེ་ལོ་གཅིག་དང་ཞག་ཤས་མ་ཚང་བའི་ཟླ་བ་བཞིའི་རིང་བཞུགས་ལ། དེའི་རིང་དགེ་ཆོས་ལགས་གནས་གཅིག་ཏུ་མ་བསྡད་པར་ལྭ་བ་གཡང་ལུགས་ཤིག་གྱོན་ཏེ་དགེ་བསྙེན་གྱི་ཟོབ་ཏུ་ཞུགས་ནས་རྟག་ཏུ་རྒྱུ་འགྲུལ་ཁོ་ན་བྱས་པས་གླིང་འདི་ཕལ་ཆེར་ལ་མྱུལ་ཏེ། མཐར་ ༼གཏམ་རྒྱུད་གསེར་ཐང་༽ གི་སིངྒ་ལའི་རྒྱལ་རབས་དང་ཆོས་འབྱུང་སྐོར་གྱི་སྡེ་ཚན་དེ་ཉིད་བརྩམས་པ་དང་། ད་དུང་སྔར་གྱི་ལོ་ཙཱ་བའི་སྲོལ་བཟུང་ནས་ཆོས་ཀྱི་ཚིགས་སུ་བཅད་པ་ལེའུ་ཉེར་དྲུག་ཅན་དེ་ཡང་གླིང་འདི་ནས་བསྒྱུར་བ་རྒྱུས་ཡོད་དག་གིས་ཤེས་སྲིད། དེ་ལྟ་བུའི་ལྷོ་ཕྱོགས་ཀྱི་རྒྱལ་ཁམས་འདི་དང་རང་ཅག་རྣམས་སྟོན་པ་གཅིག་གི་བསྟན་པའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་། རྩ་བའི་སྡེ་བཞི་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་གནས་བརྟན་སྡེ་བའི་ལུགས་གཉིས་ཀྱི་གཞི་རྩའི་འབྲེལ་བ་ཡོད་པས། ཡུལ་འདིར་གནས་མཇལ་དུ་ཡོང་བ་ནི་ཆེས་སྤྲོ་སྣང་དང་མི་ཚེ་བསོད་ནམས་ཀྱི་བགོ་སྐལ་ཞིག་ཏུ་བསམ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས་ཡུལ་འདིའི་ལོ་རྒྱུས་ཞིབ་ཏུ་བརྗོད་པས་འདིར་བསྐྱར་ཟློས་ཀྱི་ངལ་བ་སྤངས་ནས། གླིང་འདིར་ཐོག་མར་སྟོན་པ་སངས་རྒྱས་ཀྱིས་ཞབས་ཀྱིས་བཅགས་ཚུལ་དང་། བར་དུ་བསྟན་པའི་དར་རིམ་མདོར་ཙམ་དང་། དེ་ནས་ཐེངས་འདིའི་ཉིན་ལྔའི་གནས་མཇལ་སྐབས་ཀྱི་མཐོང་ཐོས་དག་ཟིན་བྲིས་སུ་འགོད་པར་བྱའོ། །
སྟོན་པ་མཆོག་སིངྒ་ལའི་གླིང་དུ་ཐེངས་གསུམ་ལ་ཕེབས་པ།
དེ་ལ་འདིར་ཐོག་མར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་མཚོ་གླིང་འདིར་ཞབས་ཀྱིས་བཅགས་ཚུལ་དང་བསྟན་པའི་དར་རིམ་མདོར་ཙམ་གླེང་བ་ལ། སིངྒ་ལ་ཞེས་པ་ལེགས་སྦྱར་སྐད་ཡིན་ལ་བོད་སྐད་དུ་བསྒྱུར་ན་སེངྒེ་འཛིན་ཞེས་བྱ། ལིངྒའམ་ཤྲཱི་ལང་ག་ཞེས་ཡོངས་སུ་གྲགས་ལ། མིང་གཞན་ཙམར་དྭཱི་པ་སྟེ་ཟངས་གླིང་ཞེས་ཀྱང་ཟེར། རྒྱ་གར་ཕྱེད་གླིང་གི་ལྷོ་མཐའ་ན་ཆགས་པའི་མི་འབོར་ཁྲི་དགུ་བརྒྱ་ལྷག་ཡོད་པའི་གླིང་ཕྲན་ཆུང་ངུ་ཞིག་དང་། སྔོན་སྟོན་པ་མཆོག་ནས་བདུད་འབུམ་གཅིག་བཏུལ་བ་དང་། ལངྒར་གཤེགས་པའི་མདོ་གསུང་ཡུལ་ཡང་ཡིན། གཞན་གླིང་འདི་སྲིན་པོ་ལངྒ་མགྲིན་བཅུའི་གནས་ཡུལ་ཡིན་པར་ཀུན་ལ་གྲགས་ལ། མི་རྒྱུད་ནི་རྒྱལ་པོ་རཱ་མ་ཎ་སྤྲེའུའི་འཁོར་དང་བཅས་པ་སོང་བའི་གཏམ་རྒྱ་གར་མི་སྟེགས་པ་རྣམས་ཀྱིས་བཤད། སིངྒ་ལ་རང་གིས་འཛམ་བུ་གླིང་གི་ཡུལ་བྷངྒ་ལའི་རྒྱལ་པོའི་སྲས་མོ་ཞིག་སེང་གེས་འཁྱེར་ནས་ཆུང་མ་བྱས་པའི་བུ་རྒྱུད་ཡིན་པར་བཤད་ལ། རྒྱའི་ཐང་སན་ཙང་གི་ལམ་ཡིག་ལས་ཀྱང་“སེང་གེ་འཛིན་གྱི་གཏམ་རྒྱུད་”དྲངས་ནས་སེང་གེའི་རྒྱུད་ལས་མཆེད་པ་དང་། གཞན་སྲིན་མོའི་གླིང་བཅོམ་པའི་ཤུལ་དུ་མི་རྒྱུད་ཆགས་ཚུལ་ཡང་བཤད། ཐང་སན་ཙང་གིས་སྲིན་མོའི་གླིང་བཅོམ་ནས་མི་རྒྱུད་ཆགས་ཚུལ་བཤད་པ་འདི་རང་རེའི་བཀའ་འགྱུར་ཁྲོད་ཀྱི་འདུལ་བ་ཉའི་དུམ་པའི་དཔེ་མེད་མའི་སྐབས་སུ་འཛམ་བུ་གླིང་གི་དེད་དཔོན་སིང་ག་ལ་ཟེར་བས་ཟངས་གླིང་གི་སྲིན་མོ་རྣམས་བཅོམ་ནས། དེར་གྲོང་ཁྱེར་བརྩིགས་ནས་གཞིས་ཆགས་པས་“སིང་ག་ལ་”ཞེས་མིང་ཐོགས་ཚུལ་བཤད་པ་དང་གཅིག་ཏུ་སྣང་། དགེ་འདུན་ཆོས་འཕེལ་གྱིས་རང་རེའི་འདུལ་བའི་དཔེ་མེད་མའི་བྱུང་བའི་སྐབས་ན་གསལ་ལ། ཁུངས་དག་ལ་རྒྱུས་འདུག་ཅེས་བཤད་པ་ཡང་འདི་ཡིན་ནོ། །
སྟོན་པ་སངས་རྒྱས་མཆོག་གླིང་འདིར་ཕེབས་ཚུལ་ལ། དགེ་འདུན་ཆོས་འཕེལ་གྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས་“དེ་ཡང་སྟོན་པ་གླིང་འདིར་ལན་གསུམ་བྱོན་པའི་དང་པོ་སངས་རྒྱས་པའི་ལོ་དེའི་ཏུརྡུདུའི་ཟླ་བའི་ཉ་ལ་རི་རྩེ་འདིར་ (རི་བོ་ཤྲཱི་པདཱ) བྱོན་ཏེ་སྲིན་པོ་རྣམས་ལ་ཆོས་བསྟན། དེ་ནས་ལོ་ལྔ་བའི་བཀའི་ཉ་ལ་ཀླུ་ལ་སྟོན་དུ་བྱོན་པ། དེའི་ཤུལ་དུ་མཡཱངྒ་སྒྱུ་མའི་ཡན་ལག་བྱ་བའི་མཆོད་རྟེན་བརྩིགས་པ་ཤར་ངོས་ཀྱི་ཐང་གི་ནགས་ཚལ་ཀློ་ཀློ་དག་གི་ཡུལ་དང་ཉེ་བར་བཞུགས། སངས་རྒྱས་པའི་ལོ་བརྒྱད་པའི་ས་གའི་ཉ་ལ་ལྷ་ལ་ཆོས་སྟོན་དུ་བྱོན་པ་དེའི་ཤུལ་དུ་མུཀྱངྒ་མུ་སྟེགས་ཡན་ལག་བྱ་བའི་མཆོད་རྟེན་བརྩིགས་པ་ད་ལྟ་བདོལའི་གྲོང་ཁྱེར་དབུས་སུ་བཞུགས། གནས་དེ་ཀུན་གནས་བརྟན་དབང་ཆེན་སྡེས་ངོས་འཛིན་མཛད་ཅིང་། རྒྱལ་པོ་སྐར་རྒྱལ་གྱིས་མཆོད་རྟེན་བཞེངས་ཞེས་གྲགས”ཞེས་སྟོན་པ་མཆོག་སིངྒ་ལའི་གླིང་དུ་ཐེངས་གསུམ་ལ་ཕེབས་པར་བཤད་ལ། དེ་དང་མཐུན་པར་སིངྒ་ལའི་ལོ་རྒྱུས་དང་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་མཛད་པའི་ ༼སིངྒ་ལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་གྱི་བོད་མི་༽ ཞེས་པ་དང་། དུས་རབས་ལྔ་བའི་ནང་གི་མཁས་དབང་མ་ཧཱ་ཡ་ནས་བརྩམས་པའི་ཆོས་འབྱུང་དུ་ཡང་སྟོན་པ་མཆོག་སིངྒ་ལའི་གླིང་དུ་ཐེངས་གསུམ་ལ་ཕེབས་པར་བཤད།
དེ་ཡང་སྟོན་པ་མཆོག་སིངྒ་ལའི་གླིང་དུ་ཐེངས་དང་པོར་ཕེབས་དུས་ནི། མངོན་པར་རྫོགས་པར་སངས་རྒྱས་ནས་ཟླ་དགུའི་རྗེས་ཀྱི་ཚེས་བཅོ་ལྔའི་ཉིན་མ་ཧཱི་ཡན་གྷ་ཎཱ་ (Mahiyangana) ཞེས་པའི་གནས་སུ་ཕེབས། ཉིན་དེར་གླིང་འདིའི་གནོད་སྦྱིན་དང་སྲིན་པོའི་ཚོགས་མ་ཧཱ་ཎ་གྷ་ (Mahanaga) ཞེས་པའི་སྐྱེད་ཚལ་དུ་འདུ་བའི་དུས་ལ་གཟིགས་ཏེ། དེ་དག་གདུལ་བའི་ཕྱིར་དུ་ཐོག་མར་སྟོན་པ་མཆོག་ནམ་མཁའི་ལམ་ནས་རྫུ་འཕྲུལ་གྱིས་ཕེབས། ཆོ་འཕྲུལ་གྱིས་དྲག་ཆར་དང་རླུང་འཚུབ་ལྡིང་བ་སོགས་ཀྱིས་སྲིན་པོ་དང་གནོད་སྦྱིན་ཚོགས་སྤ་ཀོང་བར་བྱས་ཏེ་བཏུལ། ཐེངས་དེེར་ལང་ཀའི་སྲིན་པོ་དང་གནོད་སྦྱིན་གདུལ་བའི་ཆེད་ཁོ་ན་མ་ཡིན་པར་ཀླུ་རྒྱལ་རྒྱལ་སྲས་མཱ་ཎི་ཁི་ཁཱ་ཞེས་པ་གདུལ་བའི་ཆེད་ཀྱང་ཡིན་པར་བཤད་ལ། རང་རེ་བོད་དུ་འགྱུར་བའི་ལང་གཤེགས་སུ་ཡང་ཀླུའི་རྒྱལ་པོའི་སྐོར་གསལ། ཐེངས་གཉིས་པ་ཕེབས་དུས་ནི་སྟོན་པ་སངས་རྒྱས་ནས་ལོ་ལྔ་བའི་སྐབས་ཏེ་དགུང་ལོ་ཞེ་གཅིག་གི་དུས། ཀླུ་རྒྱལ་གྱི་ཞང་པོ་དང་ཚ་བོ་གཉིས་རྒྱལ་སྲིད་ལ་མ་འཆམ་པར་དམག་འཁྲུག་འབྱུང་ལ་ཉེ་བའི་སྐབས་སུ་ཎ་གྷ་རྡིབ་ (Nagadeepa) ཅེས་པའི་གནས་སུ་ཕེབས། གནས་དེ་ནི་དེང་སང་གི་སིངྒ་ལའི་ཇ་ཧྥི་ཎཱ (Jaffna) ཞེས་པའི་ས་ཆར་ངོས་འཛིན་ལ། རྒྱ་གར་ལྷོ་ཕྱོགས་དང་ཐག་ཉེ་བས་དེང་རྒྱ་གར་ཏཱ་མི་ལ་མི་རིགས་ཀྱིས་བདག་ཏུ་འཛིན། དགེ་ཆོས་ཀྱིས་“དེའི་ཤུལ་དུ་མཡཱངྒ་སྒྱུ་མའི་ཡན་ལག་བྱ་བའི་མཆོད་རྟེན་བརྩིགས་པ་ཤར་ངོས་ཀྱི་ཐང་གི་ནགས་ཚལ་ཀློ་ཀློ་དག་གི་ཡུལ་དང་ཉེ་བར་བཞུགས”ཞེས་པ་འདི་ཡིན་ངེས་ལ། སྔོན་རྒྱལ་པོ་རཱ་མ་ནས་རྡོ་ཟམ་འཕངས་ནས་ལིངྒར་སྤྲེའུ་དམག་དྲངས་པའི་གནས་ཀྱང་འདི་ཡིན་པའི་རིག་བྱེད་ཀྱི་གཏམ་རྒྱུད་འདུགསྐབས་དེར་སྟོན་པས་ཀླུ་རྒྱལ་གྱི་ཞང་བོ་དང་ཚ་བོ་གཉིས་བར་གྱི་མི་མཐུན་པ་བསལ་ནས་ཀླུ་རྒྱལ་གྱི་ཁྲི་ལ་མཱ་ཎི་ཁི་ཁཱ་ཞེས་པ་མངའ་གསོལ། ཐེངས་གསུམ་པ་ཕེབས་དུས་ནི་སྟོན་པ་སངས་རྒྱས་ནས་ལོ་བརྒྱད་པའི་སྐབས་ཏེ་སྟོན་པ་དགུང་ལོ་ཞེ་བཞིའི་དུས་མཱ་ཎི་ཁི་ཁཱ་མཆོག་ནས་གདན་ཞུས་ལྟར་ཕེབས་ལ། དེའི་སྐབས་སྟོན་པ་འཁོར་དགེ་སློང་ལྔ་བརྒྱ་དང་བཅས་ཁུ་ལན་ཎི་ཡ (kelanniya) ཞེས་པའི་གནས་སུ་ཕེབས་ནས་ཀླུ་རྒྱལ་འཁོར་བཅས་ལ་ཆོས་ཀྱི་འཁོར་ལོ་བསྐོར། གནས་དེ་དེང་གི་སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོའི་ནུབ་ཕྱོགས་སུ་ཆགས་ཤིང་གནས་སྐོར་གྱི་ས་གནས་གལ་ཆེན་དུ་བརྩི། སིངྒ་ལའི་ལོ་རྒྱུས་སུ་སྟོན་པ་ཕེབས་ཐེངས་གསུམ་པའི་སྐབས་འདིར་ཁོ་ལོམ་བྷོ་ནས་ལེ་བར་བརྒྱ་ཕྲག་གིས་ཆོད་པའི་སཱ་མན་ཎ་ལང་ཀ་ཌ་ (Samanala kanda) ཞེས་པའི་གནས་སུ་རྒྱལ་པོ་སུ་མན་ཎ་ས་མན་གྱིས་གདན་ཞུས་ལྟར་ཡང་ཕེབས་ཏེ། སྟོན་པ་ཉིད་ནས་སྐབས་དེར་ལང་ཀའི་རི་བོ་མཐོ་ཤོས་ལྔ་བའི་སྒང་གི་ཕ་བོང་ཞིག་ཏུ་ཞབས་རྗེས་ཤིག་བཞགདེང་སང་གནས་རི་དེ་ལ་ཨ་ཌམ་སཱེ་པིཀ་ (Adam's Peak) ཞེས་འབོད་ལ་མིང་དེ་ཕྱིས་སུ་དབྱིན་ཇི་བས་བཏགས། དགེ་ཆོས་ཀྱིས་རི་འདིར་སྟོན་པ་ཕེབས་ཐེངས་དང་པོའི་སྐབས་སུ་ཕེབས་པ་ལྟ་བུ་བཤད། བདག་ཅག་གི་སྟོན་པ་སིངྒ་ལར་ཐེངས་གསུམ་ལ་ཕེབས་པའི་དུས་ཡུན་ནང་ཁྱོན་ས་གནས་བཅུ་དྲུག་ཏུ་ཕེབས་ཤིང་། གནའ་བོའི་པཱ་ལིའི་ཡི་གེའི་ནང་ས་གནས་དེ་དག་གི་མིང་དང་སྟོན་པའི་མཛད་འཕྲིན་ལ་བསྔགས་པའི་སྙན་ཚིག་མང་དུ་ཡོད་པར་བཤད།
དེ་ལྟར་སྟོན་པ་མཆོག་སིངྒ་ལའི་གླིང་དུ་ཐེངས་གསུམ་ལ་ཕེབས་པ་ཀླུ་རྒྱལ་སྲས་དང་འབྲེལ་བ་ཡོད་ཚུལ་སིངྒ་ལའི་ཆོས་འབྱུང་ཁག་ཏུ་བརྗོད་ལ། བོད་འགྱུར་ ༼འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ་༽ ཡི་གླེང་གཞི་ལས་“ཡང་དེའི་ཚེ་ན་བཅོམ་ལྡན་འདས་རྒྱ་མཚོའི་ཀླུའི་རྒྱལ་པོའི་གནས་ནས་ཞག་བདུན་ལོན་ཏེ་བྱུང་ནས་”ཞེས་ཀླུའི་རྒྱལ་པོའི་གནས་ནས་ཕེབས་ཏེ་ལང་ཀའི་གྲོང་རྡལ་གྱི་རི་མ་ལ་ཡ་ལ་གཟིགས་པ་དང་། ཆོས་གསུང་ཡུལ་གནོད་སྦྱིན་གྱི་བདག་པོ་འབོད་སྒྲོགས་སོགས་གསུངས་ལ། གཞན་བོད་དུ་འགྱུར་བའི་འཕགས་ཡུལ་གྱི་སློབ་དཔོན་ཡེ་ཤེས་བཟང་པོས་མཛད་པའི་ ༼ལང་ཀར་གཤེགས་པའི་འགྲེལ་བ་དེ་བཞིན་གཤེགས་པའི་སྙིང་བོའི་རྒྱན་༽ ཞེས་བྱ་བ་ལས་ཀྱང་“དེ་ལ་ཡང་དེའི་ཚེ་ན་ཞེས་པ་ནི་ཀླུའི་རྒྱལ་པོ་ལ་སོགས་པ་གདུལ་བའི་དོན་དུ་ཟབ་མོ་ཉེ་བར་བསྟན་ནས་ཡང་སྲིན་པོའི་རྒྱལ་པོ་གདུལ་བའི་དོན་དུ་སྟོན་ཞེས་པ་བསྡུ་བའི་ཐ་ཚིག་གོ། ”ཞེས་ལང་ཀའི་སྲིན་པོ་དང་གནོད་སྦྱིན་རྣམས་འདུལ་བའི་ཕྱིར་དང་། གཞན་གདུལ་བྱ་གཞན་གཅིག་ནི་ཀླུའི་རྒྱལ་པོ་ཡིན་པ་ཤེས་ནུས། ཧཱན་གྱི་རྒྱའི་བཙུན་པ་ཧྥ་ཤཱན་གྱི་ལམ་ཡིག་ཏུ་ཡང་“སངས་རྒྱས་ཡུལ་འདིར་བྱོན་པར་མཛད་དེ་ཀླུ་གདུག་པ་ཅན་ཆོས་ལ་འཛུད་པར་བྱའོ་སྙམ་སྟེ། ”ཞེས་བྱུང་། འདིར་བཤད་པའི་ཀླུ་ནི་འགྲོ་བ་གཞན་ཞིག་མ་ཡིན་ཏེ་སྐབས་དེའི་སིངྒ་ལའི་མི་རིགས་ཤིག་ཡིན་ལ། ཐེངས་འདིའི་གནས་སྐོར་ཁྲོད་དུ་ཡང་སྣེ་ཤན་པས་ངོ་སྤྲོད་གནང་བྱུང་། ལང་ཀར་གཤེགས་པའི་མདོ་སྟོན་པ་སིངྒ་ལའི་གླིང་ཕེབས་ཐེངས་གང་གི་སྐབས་སུ་གསུང་ཚུལ་ལ་དཔྱད་གཞི་ཆེའོ། །
སྟོན་པའི་རྗེས་སུ་སིངྒ་ལའི་ནང་བསྟན་འཕེལ་རིམ།
དེ་ལྟར་སྟོན་པ་སངས་རྒྱས་ཞལ་བཞུགས་དུས་ནས་སིངྒ་ལའི་གླིང་དུ་བསྟན་པ་དར་བར་ངེས་ཀྱང་། དེང་ཡོངས་གྲགས་ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་ནས་བསྟན་པ་དར་བར་བཤད་སྲོལ་མཆིས་པ་ནི། སྟོན་པའི་རྗེས་ཀྱི་བར་སྐབས་ཤིག་ཏུ་སིངྒ་ལའི་གླིང་དུ་བསྟན་པ་ཉམས་པ་ཨེ་ཡིན་སྙམ། དེ་ཡང་ཧ་ལམ་ཕྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་དཀྱིལ་ཙམ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུ་གླིང་ཀུན་ཏུ་ནང་བསྟན་དར་སྤེལ་མཛད་དུས། སྲས་མཧེནྡྲའམ་དགེ་སློང་དབང་ཆེན་སྡེ་ཞེས་པ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་གཙོ་བྱས་དགེ་སློང་བཞི་དང་ཚ་བོ་དགེ་ཚུལ་གསུམ་དང་བཅས་པ་ལ་བཀས་བསྐུལ་ནས་སིངྒ་ལའི་གླིང་དུ་ཆོས་སྤེལ་བར་གཤེགས། དེ་ནི་ཕྱི་ལོ་སྔོན་གྱི་ལོ༢༥༠ཡིན་པར་བཤད། དེ་དག་སིངྒ་ལའི་གླིང་དུ་ཕེབས་ཏེ་རི་བོ་ཨམྦཏལའི་ངོགས་སུ་ཨ་མྲའི་ལྗོན་པ་ཞིག་གི་གྲིབ་བསིལ་ལ་བཞུགས་པ་ན། སིངྒ་ལའི་རྒྱལ་པོ་དེ་ཝ་ནམ་པི་ཡ་ཏིསྶའམ་ (Devaanampiya Tisaa) བོད་སྐད་དུ་སྐར་རྒྱལ་དུ་འབོད་པ་འཁོར་དང་བཅས་པ་རྔོན་དུ་བྱོན་པས་མཐོང་ནས། དང་པོར་གནོད་སྦྱིན་དུ་འཁྲུལ་ནས་མདའ་འཕེན་གྲབས་བྱས་པ་ན། གནས་བརྟན་གྱིས་“སྐར་རྒྱལ་འདིར་ཤོགབདག་ཅག་འཛམ་བུ་གླིང་ནས་ཁྱོད་ཁོ་ནའི་སླད་དུ་རྒྱལ་པོ་དྷརྨཨཤྭཀས་བཏང་པའི་སངས་རྒྱས་ཀྱི་ཉན་ཐོས་དག་ཡིན”ཞེས་གསུངས་པ་ན། སྐར་རྒྱལ་གྱིས་རྒྱལ་པོ་མྱ་ངན་མེད་ཀྱི་མཚན་ཐོས་པ་ཙམ་གྱིས་དུལ་བར་གྱུར་ཏེ་གནས་བརྟན་གྱི་དྲུང་དུ་བྱོན་ནས་ཆོས་ཀྱི་དྲི་བ་མང་དུ་མཛད་པས་གུས་པར་གྱུར། རང་གི་ཤིང་རྟ་ལ་གནས་བརྟན་འཁོར་དང་བཅས་པ་བཞུགས་སུ་གསོལ་ཏེ་ཕོ་བྲང་དུ་སྤྱན་དྲངས་ཏེ་ཞག་བཅུ་དྲུག་ལ་བཞུགས་པའི་རིང་ཆོས་གསུང་། ཞག་བཅུ་བདུན་པ་ལ་ཕོ་བྲང་དང་ཐག་མི་རིང་བའི་གནས་རྒྱལ་པོས་ཕུལ་བ་ལ་བཞུགས་ནས་ཕོ་བྲང་ནང་གི་མི་དྲག་མང་པོ་རབ་ཏུ་བྱུང་། ཐོག་མར་བྲག་ཕུག་གཅིག་ཏུ་དགེ་སློང་རེ་གཉིས་བྱུང་སྐད། རྒྱལ་པོ་དང་གནས་བརྟན་མཇལ་ས་ནི་དེང་གི་མཱ་ཧིན་ཏ་ལ་ (Mihintale) ཞེས་པའི་གནས་སུ་མཆོད་རྟེན་ཆེན་པོ་བཞུགས་པ་དེ་ཡིན་པར་བཤད་ལ། དགེ་ཆོས་ཀྱིས་“གནས་བརྟན་བྱོན་པའི་ས་མིག་དེར་སིངྒ་ལའི་ཡུལ་གྱི་མཆོད་རྟེན་ཐོག་མར་བརྩིགས་པ་ད་ལྟའི་བར་གནས། ཕྱོགས་དེར་གནས་བརྟན་གཟིམས་པའི་བྲག་སྐྱིབས་སུ་མལ་ཁྲི་དང་རྔས་ཆས་སོགས་རྡོ་ལས་བྱས་པ་ཡང་སྣང”ཞེས་ཟེར་བ་ཡིན་འདུགཆོས་རྒྱལ་འདིས་གནས་བརྟན་དབང་ཆེན་སྡེ་ལ་རྒྱལ་ས་ཨ་ནུ་རཱ་དྷ་པུ་ར་སྟེ་མ་འགག་པའི་གྲོང་ཁྱེར་དུ་གཙུག་ལག་ཁང་བཞེངས་ནས་ཕུལ། འདི་ལ་སྤྲིན་ཆེན་པོའི་ཀུན་དགའ་རྭ་བའམ་གཙུག་ལག་ཁང་ཟེར་བ་འདྲ། སིངྒ་ལའི་རྒྱལ་པོ་དང་འབངས་རྣམས་ནང་ཆོས་ལ་ཞུགས་པར་མ་ཟད། སྐར་རྒྱལ་གྱི་སྲས་བྷནྡུ་བྱ་གཙོས་མང་པོ་ཡང་རབ་ཏུ་བྱུང་བ་དང་གཙུག་ལག་ཁང་ཡང་མང་དུ་བཞེངས། དེ་ནས་སྐར་རྒྱལ་གྱི་བཙུན་མོ་ཨནུ་ལ་ (Anulaa) ཡིས་གཙོས་བུད་མེད་མང་པོས་དགེ་སློང་མའི་སྡོམ་པ་ཞུས་ཀྱང་མཁན་མོ་མེད་པས་དགེ་སློང་མའི་སྡོམ་པ་མ་གནང་། གནས་བརྟན་དབང་ཆེན་སྡེས་སྐར་རྒྱལ་ལ་རང་གི་སྲིང་མོ་དགེ་འདུན་རྩ་ལག་མ་ (སིངྒ་མིཏཱSanghamittaa) གདན་འདྲེན་ཐུབ་ན་རྒྱལ་མོ་སོགས་ཀྱི་འདོད་དོན་འགྲུབ་ཐུབ་པར་ཞུས་པས། སྐར་རྒྱལ་གྱིས་རང་གི་ཚ་བོ་ཨ་རི་ཐཱ་ (Arittha) ལ་ལེགས་སྐྱེས་དང་བཅས་རྒྱ་གར་དུ་དགེ་སློང་མ་དགེ་འདུན་རྩ་ལག་མ་གདན་འདྲེན་དུ་མངགས། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྐར་རྒྱལ་ཆོས་ལ་མོས་པ་ཐོབ་པ་ཐོས་ནས་ཤིན་ཏུ་དགའ་ནས་སྐར་རྒྱལ་གྱི་རེ་བ་བཞིན་རང་གི་སྲས་མོ་དགེ་འདུན་རྩ་ལག་མའམ་སིངྒ་མིཏཱ་ཡང་སིངྒ་ལར་མངགས། དགེ་འདུན་རྩ་ལག་མས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་ཡལ་ག་གསེར་གྱི་བུམ་པའི་ནང་བཞུགས་སུ་གསོལ་ཏེ་སིངྒ་ལར་གདན་འདྲེན་དུས། རྒྱལ་པོ་སྐར་རྒྱལ་གྱིས་སྔོན་མེད་པའི་བསུ་བ་རྒྱ་ཆེར་མཛད་ལ། སིངྒ་ལར་དགེ་སློང་མའི་སྡེ་བཙུགས། ཡལ་ག་དེ་སྤྲིན་ཆེན་པོའི་ཀུན་དགའ་རྭ་བར་བཙུགས་པ་ལ་བྱང་ཆུབ་ལྗོན་ཤིང་དུ་གྲགས། དགེ་འདུན་རྩ་ལག་མ་ཕེབས་དུས་ནི་ཕྱི་ལོ་སྔོན་གྱི་ལོ༢༤༩ལོའི་ནང་ཡིན་པར་བཤད། དེ་ནས་དགྲ་བཅོམ་པ་དབང་ཆེན་སྡེ་བསྙེན་པར་རྫོགས་ནས་དབྱར་དྲུག་ཅུ་བཞེས་པར་མྱ་ངན་ལས་འདས། ལོ་རྗེས་མར་འཕགས་མ་དགེ་འདུན་རྩ་ལག་མ་བསྙེན་པར་རྫོགས་ནས་དབྱར་ང་དགུ་བཞེས་པ་ཡང་འདས། འཕགས་མའི་སྐུ་རུས་ཀྱི་སྟེང་ཀུན་དགའ་རྭ་བའི་མཆོད་རྟེན་དུ་གྲགས་པ་བཞེངས། སྐར་རྒྱལ་གྱིས་དགེ་འདུན་ལ་བསྙེན་བཀུར་དང་གཙུག་ལག་ཁང་མང་དུ་བཞེངས་རྗེས་འདས་ལ། རང་གི་ནུ་བོ་ཨུཏྟཡ་བྱ་བས་ཁྲིར་བཟུང་ནས་ལོ་བཅུ་གཉིས་ནས་འདས། དེ་ནས་རྒྱལ་ཐོག་ལྔ་འདས་པ་ན་རྒྱ་གར་ལྷོ་ཕྱོགས་ཏཱ་མི་ལའི་རྒྱལ་བུ་ཨེ་ལར་བྱ་བ་འོངས་ནས་ཐེངས་དང་པོར་སིངྒ་ལར་ལོ་བཅོ་ལྔའི་རིང་བཙན་འཛུལ་བྱས་ཏེ་མ་འགག་པའི་གྲོང་ཁྱེར་བཟུང་ཞིང་མུ་སྟེགས་པའི་ལུགས་སྤེལ། མ་འགྱངས་པར་སིངྒ་ལའི་རྒྱལ་སྲས་དུཏགམུན་བྱས་བས་གཡུལ་བཤམས་ཏེ་གྲོང་ཁྱེར་སླར་ཐོབ་ནས་གླིང་ཡོངས་ཀྱི་རྒྱལ་པོར་གྱུར་ནས་བསྟན་པ་ལ་བཀུར་སྟི་རྒྱ་ཆེར་མཛད། བར་སྐབས་ཤིག་ལ་སིངྒ་ལར་སྡེ་བ་མི་འདྲ་བ་གསུམ་བྱུང་ལ། དུས་རབས་ལྔ་བར་རྒྱལ་བོ་མིང་ཆེན་གྱི་དུས་སུ་རྒྱ་གར་གྱི་འགྲེལ་བྱེད་མཁན་པོ་པཎྜི་ཏ་གནས་བརྟན་སངས་རྒྱས་དབྱངས་ཞེས་པ་ཆིབས་བསྒྱུར་བསྐྱངས། འདི་བའི་འཁྲུངས་ཡུལ་ངོས་འཛིན་དང་དུས་རབས་ནམ་ཞིག་ལ་བྱོན་ཚུལ་ཐད་བཤད་སྲོལ་སྣ་ཚོགས་པ་བྱུང་ཡང་། ཁོང་གིས་སིངྒ་ལར་པཱ་ལིའི་སྡེ་སྣོད་གསུམ་ག་ལ་རྨད་དུ་བྱུང་བའི་དགོངས་འགྲེལ་མང་དུ་མཛད་ལ། ལྷག་པར་འཇིགས་མེད་རི་བོའི་སྡེ་བའི་བཞེད་སྲོལ་རྩ་བར་བཟུང་སྟེ་ ༼རྣམ་དག་ལམ་༽ ཞེས་པའི་བསྟན་བཅོས་གསར་རྩོམ་དང་། སྔར་གྱི་དགོངས་འགྲེལ་གཞིར་བཞག་གནང་ནས་སྡེ་སྣོད་གསུམ་སོ་སོར་ཞིབ་ཕྲའི་འགྲེལ་བ་ཡང་མཛད། དུས་ད་ལྟའི་བར་གླིང་འདིར་གནས་བརྟན་སྡེ་བའི་བཞེད་སྲོལ་ནི་སངས་རྒྱས་དབྱངས་ཀྱི་འགྲེལ་བ་གཞིར་བཞག་ཐོག་སློབ་གཉེར་མཛད་པར་གླེང་། ཕྱིས་ཏཱ་མི་ལའི་རྒྱལ་རྒྱུད་ཀྱི་ཙཽ་ལཱའི་རྒྱལ་པོས་ཡང་བསྐྱར་དམག་དྲངས་ཏེ་འཁྲུག་པ་བྱུང་། མཐར་ཕྱི་ལོ༡༠༡༧ལོ་ནས༡༠༧༠ལོའི་བར་སིངྒ་ལའི་རྒྱལ་པོ་ཁྲི་ལས་ཕབ་སྟེ་དབང་བསྒྱུར་ནང་ཧིན་རྡིའི་ཆོས་ལུགས་དར་སྤེལ་དང་ལྷ་ཁང་གསར་རྒྱག་བྱས་ལ། ནང་བའི་དགེ་འདུན་མང་པོ་བསད་བཟུང་དང་གཙུག་ལག་ཁང་གཏོར་བ་སོགས་བྱུང་། དེ་ནས་ཕྱི་ལོ༡༠༧༠ལོར་སིངྒ་ལའི་རྒྱལ་སྲས་བི་ཛ་ཡཱ་བྷ་ཧུ་ (Vijayabaahu) ཡིས་དམག་ཚོགས་དྲངས་ཏེ་ཙཽ་ལཱའི་རྒྱལ་པོ་དང་གཡུལ་འཐབ་ནས་མ་འགག་པའི་གྲོང་ཁྱེར་སླར་ཐོབ་ནས་གླིང་ཡོངས་ལ་དབང་བསྒྱུར། གཙུག་ལག་ཁང་ཞིག་གསོ་དང་གསར་བཞེངས་མཛད། སིངྒ་ལའི་གླིང་དུ་སྡོམ་པ་འབོགས་ཆོག་གི་དགེ་སློང་གྲངས་ཚང་བཙལ་ཡང་མ་རྙེད་པས་ཐུགས་སྐྱོ་ནས་རྒྱལ་བསྟན་སླར་གསོའི་ཆེད་འབར་མའི་ཡུལ་ནས་དགེ་འདུན་གདན་དྲངས་ནས་སྡོམ་རྒྱུན་སྤེལ་ཏེ། ཤཱཀྱའི་དགེ་སློང་སྣམ་སྦྱར་གྱི་རྒྱལ་མཚན་གྱོན་པ་རྣམས་ཀྱིས་གླིང་ཡོངས་སླར་ཡང་བཀང་བར་བྱས། རྒྱལ་པོ་འདི་སིངྒ་ལའི་གླིང་དུ་མཛད་རྗེས་ཆེ་ཤོས་སུ་གྲགས།
དེ་ནས་ལོ་བརྒྱ་ཕྲག་ལྔ་ཡས་མས་ཕྱིན་རྗེས། ཕྱི་ལོ༡༥༠༡ལོར་སིངྒ་ལའི་ཆོས་རྒྱལ་མཱ་ཡ་རྡ་ནུ་ (Mayaadunne) ཞེས་པའི་རྒྱལ་པོ་བྱུང་ཞིང་། དེའི་སྲས་རཱ་ཛ་སེདྷ་ (Raajasinha) ཟེར་བས་ཕ་བསད་ནས་ (༡༥༨༡–༡༥༩༢) རྒྱལ་སྲིད་བཟུང་། འགའ་རེས་ཕས་རྒྱལ་སྲིད་གཏད་པར་ཡང་བཤད། ཕྱིས་ཕ་བསད་པར་འགྱོད་ནས་དགེ་སློང་རྣམས་ལ་སྡིག་བཤགས་བྱས་ན་རྣམ་སྨིན་དག་མིན་དྲིས་པར་དགེ་སློང་ཞིག་གིས་མཚམས་མེད་ཀྱི་ལས་ཡིན་པས་རྣམ་སྨིན་ངེས་པར་མྱོང་དགོས་ཚུལ་བཤད། མུ་སྟེགས་ཀྱི་སློབ་དཔོན་ཞིག་ལ་དྲིས་པར་བཟླས་པ་དང་མཆོད་སྦྱིན་འདི་བྱས་ན་སྡིག་པ་དག་པ་དང་སྐད་ཅིག་གིས་འབྱང་བར་འགྱུར་བར་བཤད་པའི་རྐྱེན་བྱས་པ་སོགས་ལ་བརྟེན་ནས་རྒྱལ་པོ་མུ་སྟེགས་པའི་བསྟན་ལ་ཞུགས་ཏེ། ནང་པའི་གཙུག་ལག་ཁང་བཤིག་ཅིང་གསུང་རབ་མེར་བསྲེགདགེ་འདུན་གཙོ་བོ་དེ་ཉིད་དམར་གསོད་བཏང་བ་དང་གཞན་རྣམས་ལ་ཁྲིམས་བཅད་བཏང་བར་བརྟེན། དགེ་འདུན་མང་པོ་རྒྱལ་པོའི་གཏུམ་སྤྱོད་ལ་འཇིགས་ནས་ཡུལ་གཞན་ལ་བྲོས་པ་དང་ཁྱིམ་པར་གནས་པ་སོགས་ཀྱིས་གླིང་གང་བོར་དགེ་སློང་མེད་པར་གྱུར་ནས་སིངྒ་ལའི་གླིང་དུ་རྒྱལ་བསྟན་ཐེངས་གཉིས་པ་ཉམས་ཆག་བྱུང་། རྒྱལ་པོ་དེས་སྲིད་བཟུང་ནས་ལོ་བཅུ་གཉིས་ཀྱི་རྗེས་སུ་དམག་འཁྲུག་ནང་ཤི་ཞིང་། སིངྒ་ལའི་རྒྱལ་རྒྱུད་ཁྲོད་མུ་སྟེགས་ལ་ཞུགས་པའི་རྒྱལ་པོ་འདི་ཉིད་གཅིག་པུ་ཡིན་པར་བཤད། དེའི་རྗེས་བི་མལ་དྷརྨ་སུརྱའམ་དྲི་མེད་ཆོས་ཀྱི་ཉི་མ་ (Vimala Dharma Suriya) ཞེས་པ་སིངྒ་ལའི་རྒྱལ་ཁྲིར་བཀོད་ནས་སངས་རྒྱས་ཀྱི་བསྟན་པ་དང་གཙུག་ལག་ཁང་ཉམས་གསོ། སྟོན་པའི་ཚེམས་རྩད་བཅད་པས་སྟེང་གི་ཡུལ་དུ་སྦས་པ་བཀུར་སྟི་ཆེན་པོས་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་པར་བཞུགས་སུ་གསོལ་བ་སོགས་མཛད། སིངྒ་ལའི་གླིང་དུ་སྡོམ་རྒྱུན་ཆད་པས་ཡུལ་རཀཁངག་ནས་དགེ་སློང་ཎན་ཌི་ཀག་ཁ་དང་ཀན་ཌི་ཝི་ས་ལ་སོགས་སྤྱན་དྲངས་ཏེ། ཕྱི་ལོ༡༥༩༧ལོར་རྒྱལ་ས་ཀནྡྷེའི (Kandy) ཉེ་འཁྲིས་ཀྱི་གྲོང་ཁྱེར་གྷི་ཏམ་བྷར་སྐྱེ་བོ་བརྒྱ་ཕྲག་མང་པོ་རབ་བྱུང་དང་བསྙེན་པར་རྫོགས། སངས་རྒྱས་ཀྱི་བསྟན་པ་གཞི་ནས་གསོས་ཏེ་རྒྱ་ཆེར་སྤེལ། སྐབས་འདི་དུས་ལ་ནུབ་ཕྱོགས་པ་མང་པོ་འབྱོར་ཏེ་ཡེ་ཤུའི་ཆོས་ལུགས་སྤེལ་བ་སོགས་ཀྱང་བྱུང་། ཕྱིས་ཕྱི་ལོ༡༦༨༧ལོ་ནས༡༧༠༦ལོའི་བར་སིངྒ་ལའི་རྒྱལ་པོ་ཝི་མཱ་ལ་དྷརྨ་སུ་རྱ་ཡི་རྒྱལ་ཐོག་གཉིས་པས་སིངྒ་ལའི་སྲིད་དབང་འཛིན་སྐབས་གླིང་ཡོངས་ན་གྲྭ་བ་ལྔ་ཙམ་ལས་མ་རྙེད་པས། ཆོས་རྒྱལ་ཁོང་གིས་འབར་མའི་ཡུལ་དུ་ཕོ་ཉ་བརྫངས་ནས་དགེ་སློང་སོ་གཉིས་སྤྱན་དྲངས་ནས་སྡོམ་རྒྱུན་སྤེལ། ཕྱིས་ཕྱི་ལོ༡༧༥༡ལོར་སིངྒ་ལའི་ཆོས་རྒྱལ་ཀིརྟི་ཤྲི་ (Kirti Sri Raajasinha) ཡིས་སྲིད་འཛིན་སྐབས་ཀྱང་རྒྱལ་བསྟན་ཉམས་ནས་དགེ་སློང་སྡོམ་ལྡན་དཀོན་པར་གྱུར་དུས་ཐེ་ལན་སྒྲ་ནས་ཤྱམ་གྱི་རྒྱལ་ཁམས་སུ་ཕོ་ཉ་བརྫངས་ནས་དགེ་སློང་ཨུཔཱ་ལི་ (Upali) སོགས་སྤྱན་དྲངས་ནས་སྡོམ་རྒྱུན་སྤེལ་བར་བཤད།
དེ་ལྟར་སིངྒ་ལའི་གླིང་དུ་རྒྱལ་བསྟན་ལ་ཉམས་ཉེས་ཐེངས་མང་བྱུང་མྱོང་ཡང་། དགེ་ཆོས་ཀྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས། བདེ་བར་གཤེགས་པའི་བསྟན་པ་ལོ་ངོ་ཉིས་སྟོང་གི་རིང་མ་ཉམས་པར་གནས་པར་བཤད་པ་ནི་ངོ་མཚར་བའི་བསྟོད་པ་བྱས་པ་ཡིན་ངེས། ཕྱིས་དབྱིན་ཇིས་དབང་བསྒྱུར་སྐབས་ཡེ་ཤུ་གནམ་བདག་ཆོས་སྤེལ་ཚོགས་པར་དབྱིན་གཞུང་ནས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་དང་། ཚོགས་པ་དེའི་འཛིན་སྐྱོང་འོག་ཡེ་ཤུའི་ཆོས་ལུགས་ཀྱི་སློབ་གྲྭ་བཙུགས་ཏེ་སིངྒ་ལའི་བུ་ཕྲུག་མང་པོར་སློབ་སྦྱོང་དང་། སློབ་མཐར་ཕྱིན་པ་ལ་གཞུང་གི་ལས་ཀའི་གོ་སྐབས་སྤྲད་པ་སོགས་ཀྱིས་ཁྱིམ་བདག་མང་པོའི་བློ་བཀུག་ནས་སློབ་གྲྭ་གཏོང་མཁན་དང་ཡེ་ཤུ་ཆོས་ལ་ཞུགས་མཁན་ཇེ་མང་དུ་གྱུར། ཡེ་ཤུའི་ཆོས་ལུགས་པས་ནང་ཆོས་ལ་དགག་བཞག་ཀྱང་བྱས་པ་ལ་སིངྒ་ལའི་དགེ་སློང་མང་པོས་རྩོད་པ་བྱས་སྐད། ལྷག་པར་དགེ་སློང་གུཎཱ་ཏ་ཐི་རོ་ ༼༡༨༢༣-༡༨༩༠༽ (Gunaanada There) ཞེས་པས་དགག་བཞག་རྒྱ་ཆེར་དང་མི་མང་སྟོང་ཕྲག་གི་མདུན་སར་ཆོས་ལུགས་རྒྱན་དུ་བཞག་སྟེ་དཀོན་མཆོག་གི་རང་བཞིན་དང་བདག་དང་རྣམ་ཤེས། ལས་དང་སྐྱེ་བ་སྔ་ཕྱི། མྱང་འདས་སོགས་ཀྱི་ཐད་ནས་ཕྱི་ལོ༡༨༧༣ལོའི་ཟླ་བརྒྱད་པར་ཉིན་གསུམ་གྱི་རིང་ཡེ་ཤུའི་ཆོས་དཔོན་དག་དང་རྩོད་པ་མཛད། མཐར་ཡེ་ཤུ་བ་དག་ཕམ་པར་བྱས་པས་ཡུལ་མི་རྣམས་དགའ་ནས་ཉིན་མང་པོར་དགའ་སྟོན་བྱས་པ་དང་སིངྒ་ལའི་ཡེ་ཤུའི་ཆོས་ལུགས་ལ་ཞུགས་པ་རྣམས་སླར་ཡང་ནང་བར་ཚུད། དེ་ནས་བཟུང་མི་མང་གིས་ཁོང་ལ་སྨྲ་བའི་དབང་ཕྱུག་ཅེས་འབོད། དགེ་ཆོས་ཀྱིས་“ལོ་ལྔ་བཅུ་ཙམ་གྱི་སྔོན་དུ་སིངྒ་ལར་ཡེ་ཤུ་པ་དང་། སངས་རྒྱས་པ་གཉིས་ལ་རྩོད་པ་ཤིན་ཏུ་ཆེ་བ་ཞིག་བྱུང་། དེའི་སྐབས་དགེ་སློང་གུརྞརཏྣ་བྱ་བ་དེས་ཕ་རོལ་བོ་རྣམས་ཚར་བཅད་ནས་སྟོང་ཕྲག་མང་པོ་ཡེ་ཤུའི་ལུགས་སུ་ཞུགས་པ་སླར་ནང་བར་ཚུད་”ཅེས་པ་ལྟར་ལགས། སྐབས་དེར་གསར་འགོད་པ་པཱི་ར་རཱ་ཟེར་བས་ཉིན་རེའི་རྩོད་པའི་སྙིང་པོ་དང་བགྲོ་གླེང་དག་གསར་ཤོག་སྟེང་སྤེལ་བ་དང་། ཟུར་ཉན་པ་ཨ་རི་བ་པཱི་བྷལ་ཞེས་པས་རྩོད་པའི་སྔ་ཕྱི་བར་གསུམ་བརྗོད་བྱར་བྱས་པའི་“ནང་ཆོས་དང་ཡེ་ཤུ་དངོས་སུ་འཕྲད་པ” (Buddhism and Christianity face to face) ཞེས་པའི་དེབ་རྩོམ་སྒྲིག་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་སིངྒ་ལའི་གླིང་དུ་དོ་སྣང་གསར་བ་བྱུང་། དེབ་འདིའི་ནང་ཕྱོགས་སྔ་གཙོ་བོ་ནི་ཡེ་ཤུའི་གནམ་བདག་ཆོས་ལུགས་དང་། རིགས་པའི་འགྲོས་གཙོ་བོ་གནས་བརྟན་སྡེ་བའི་གཞུང་ལུགས་དང་མཐུན་པའི་རིགས་པའི་རྣམ་བཞག་ཡིན་པར་བཤད། བོད་ཀྱི་ནང་བསྟན་གྱི་གཞུང་ཆེན་ཁག་གི་ཕྱོགས་སྔ་གཙོ་བོ་ནི་རྒྱ་གར་གྱི་གནའ་བོའི་གཞུང་ལུགས་རྟོག་གེ་སྡེ་ལྔའི་འདོད་ཚུལ་ཡིན་པ་ཤེས་གསལ་ལྟར་དང་། འདི་ནི་དེ་དང་མི་འདྲ་བར་རང་ཅག་རྒྱུས་མེད་ཀྱི་གཞུང་ལུགས་གཞན་ཞིག་ཕྱོགས་སྔ་ཡིན་པས་དེབ་དེ་བོད་བསྒྱུར་གནང་ཐུབ་ན་བློ་བསྐྱེད་གསར་བ་ཞིག་ཡོད་ངེས། དགེ་ཆོས་ཀྱི་ ༼གཏམ་རྒྱུད་གསེར་ཐང་༽ ལས་ཀྱང་“དེ་དུས་ཁོང་རྣམས་ཀྱིས་བྱས་པའི་རྩོད་པ་ཀུན་ཡི་གེར་བཏབ་པ་ཞིག་ཀྱང་འདུག་པ་ཤིན་ཏུ་ངོ་མཚར། ལྟ་བའི་གནད་སོགས་ལ་རྩོད་པ་མི་འདུག་མོད་ཀྱི་འོན་ཀྱང་ཕ་རོལ་བའི་རྩོད་པ་རྣམས་དིང་སང་གི་རིག་པ་གསར་པའི་ཤེས་རྒྱ་དག་ལ་གཞི་བཙུགས་ནས་བཀོད་པས་རང་ཅག་ལྟ་བུས་ལན་གདབ་པ་ཤིན་ཏུ་ཡང་བྱ་དཀའ་བའི་མཐར་ཐུག་ཅིག་ཏུ་སེམས། ”ཞེས་རྩོད་ཡིག་དེ་མཐོང་མྱོང་བར་བཤད་འདུག
དགེ་ཆོས་ཀྱིས་འདི་བའི་མཚན་ལ་དགེ་སློང་སྨྲ་བ་ཅན་གུཎརཏྣ་ཞེས་བྲིས་ཡོད། རྩོད་ཡིག་དེ་དང་སྐབས་དེའི་ནང་བ་དང་ཡེ་ཤུའི་བར་གྱི་རྩོད་ལན་སྙིང་བསྡུས་རྣམས་གསར་ཤོག་ཏུ་བཀོད་པ་དག་ཨ་རི་བ་ཨོ་ཀོཌ་ (Henry Steel olcott) ཡིས་བཀླགས་པས་ཡིད་འགུལ་ཐེབས་ཏེ། ཨ་རིར་མཐོ་རིམ་སློབ་ཆེན་འགྲིམ་མྱོང་བ་དང་། གསར་འགོད་དང་ཁྲིམས་རྩོད། དམག་དཔོན་གྱི་ལས་ཀ་ཡང་བྱས་མྱོང་བའི་ཁོང་ཕྱི་ལོ༡༨༨༠ལོར་སིངྒ་ལར་ཕེབས་ནས་སྐྱབས་འགྲོའི་སྡོམ་པ་ཞུས་ནས་ནང་བར་ཞུགས། སིངྒ་ལའི་གླིང་དུ་ (Theosophical Society) ཞེས་པའི་ནང་བའི་ཆོས་ཚོགས་བཙུགས་ནས་ཡེ་ཤུའི་ཆོས་སྤེལ་ལ་ཁ་གཏད་གཅོག་པའི་ཐབས་ལམ་ཡག་ཤོས་ནི། སིངྒ་ལའི་མང་ཚོགས་རྨོངས་པ་ལས་སད་རྒྱུ་དང་། ནང་ཆོས་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུ་ཡིན་པ་གལ་ཆེ་བར་ངེས་ཏེ་དེའི་ཆེད་སློབ་གྲྭ་མང་དུ་བཙུགས། ཁོང་དང་དགེ་སློང་སྨྲ་བའི་དབང་ཕྱུག་གཉིས་ཀྱིས་སིངྒ་ལའི་རིག་གནས་དང་ནང་བསྟན་དར་སྤེལ་ལ་ལས་འགུལ་དང་ཕན་ནུས་མང་དུ་བསྒྲུབས་པས་དབྱིན་ཇིའི་གཞུང་གིས་དབང་བསྒྱུར་སྐབས་བསྟན་པ་ཉམས་གསོ་ལ་བཀའ་དྲིན་ཆེ་ཤོས་གཉིས་སུ་བརྩི། གཞན་གནས་བརྟན་ཧི་ཀ་རྡུ་ཝ་ལགས་དང་ལོ་ཙཱ་བ་དགེ་བསྙེན་དྷརྨ་པཱ་ལ། བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་བཅས་ནས་ཀྱང་སིངྒ་ལའི་ཤེས་རིག་དང་ནང་བསྟན་དར་སྤེལ་ལ་མཛད་རྗེས་ཆེ་ཤོས་སུ་གྲགས་ཀྱང་འདིར་རེ་རེ་བཞིན་སྤྲོས་ན་ཡིག་ཚོགས་མང་དྲགས་སོ། ། གོང་དུ་བཤད་པ་ལྟར་སྔོན་གནས་བརྟན་དབང་ཆེན་སྡེ་ནས་དར་བའི་སྡོམ་རྒྱུད་ཉམས་ནས་དེང་སིངྒ་ལའི་གླིང་དུ་ཐེ་ལན་སྒྲ་ནས་དར་བའི་ཤྱམ་ནི་ཀ་ཡའམ་ (Shyampoli Nikaya) སྔོ་བསངས་ཅན་གྱི་སྡེ་དང་། འབར་མའི་ཡུལ་ནས་དར་བའི་ཨ་མར་པུར་ནི་ཀ་ཡ་ (Amarapura Nikaya) སྟེ་འཆི་མེད་གྲོང་གི་སྡེ་དང་། རཱ་མ་ནྱ་ནི་ཀི་ཡ་སྟེ (Ramanna Nikaya) དགའ་བ་ཅན་གྱི་སྡེ་བཅས་མཁན་བརྒྱུད་མི་འདྲ་བ་གསུམ་ནས་རྒྱུད་པ་དར། སྡེ་བ་འདི་གསུམ་ལ་ཡང་ནང་གསེས་ཀྱི་སྡེ་ཚན་མང་དུ་ཡོད་པར་བཤད་དོ། །
()མུ་འགོད)“
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn