སྲིད་ན་འགྲན་ཟླ་བྲལ་པའི་བསྟན་བཅོས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:20:38     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  


----རང་ཉིད་བྱང་ཆུབ་ལམ་རིམ་ཆེན་མོར་མཇལ་བའི་ཚུལ་བརྗོད་པ།

ཁྱོད་ཀྱིས་འཇིག་རྟེན་འདིར་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་དེ་ཤེས་སམ། གཏམ་འདི་ཐོས་དུས་མང་བོ་ཞིག་གི་བློར་མི་འབབ་ཀྱང་སྲིད་མོད། གཏམ་འདི་ནི་ངའི་དད་པ་ལས་བྱུང་བ་ཞིག་ཡིན་ཡང་སྲིད་ལ། དོན་གྱི་གནས་ཚོད་ལ་གྲུབ་པ་ཞིག་ཀྱང་ཡིན་སྲིད།

བསྟན་བཅོས་དེ་ནི་ལམ་རིམ་ཆེན་མོ་སྟེ། བདག་སྐྱེ་བ་འདིར་ལམ་རིམ་ཆེན་མོ་དང་འཕྲད་པ་ནི་བདག་གི་བསོད་ནམས་དང་། ངའོ་སྐྱེ་དགོས་པའི་དོན་ཞིག་ཀྱང་ཡིན་པར་མ་ཟད། གཞན་ལ་ངོམ་དུ་རི་བའི་སྐལ་བ་ཞིག་ཀྱང་ཡིན་སྙམ། དེ་བས་བདག་དང་ལམ་རིམ་ཆེན་མོའི་བར་གྱི་གནས་ཚུལ་དག་ཆེད་དུ་བརྗོད་འདོད།

ལོ་བཅོ་ལྔའི་སྟེང་རྒྱ་མི་ཞིག་གི་ལག་ནས་ལམ་རིམ་དང་སྔགས་རིམ་གཉིས་ལྕགས་པར་མ་ཞིག་བླུས་པ་དེ་བསམ་ན་ད་ལྟའང་ཤིན་ཏུ་དགའ། དེ་བླུ་སྤྱད་ནི་རང་གིས་རྩི་ཏོ་བལ་ནས་བཙོངས་པའི་རིན་པ་ཡིན།  དཔེ་ཆ་དེ་གཉིས་ལག་ཏུ་སོན་པ་ནས་དགའ་སྟེ་དབུ་ཤོག་དང་མཇུག་བྱང་བཅས་བམ་ཀློག་བྱས་པ་ཡིན།

མགུར་འོག་ནས་མཐོ་ལེའི་དགོན་པའི་གཞི་འཛིན་དུས་སུ་ངས་དེར་ཨ་ཁུ་གཤེགས་པར་འདུག་རོགས་བྱས་ནས་ཟླ་གཅིག་ཙམ་ལ་བསྡད། སྐབས་དེར་དགོན་པའི་སྤྱི་ཁང་ན་དཔེ་ཆ་གླེགས་བམ་མཐུག་པོ་ཞིག་ཡོད་པ་དེའི་ཞལ་ཕྱེས་ནས་ལྟ་དུས་ལམ་རིམ་ཆེན་མོ་ཡིན་པས་བཀླགས་པ་ཡིན། བླ་མ་བསྟེན་ཚུལ་ཅུང་གོ་མོད། དེའི་རྗེས་སུ་ཅི་ཡང་མ་གོ་བར་དཔེ་ཆ་དཀྲིས་ཏེ་ཕྱིར་བཞག

བདག་རབ་ཏུ་བྱུང་རྗེས་ཨ་ཕྱི་ཚེ་ལས་འདས་པས་ངས་ཨ་ཁུ་གཤེགས་པས་བསྐུལ་བ་བཞིན་ལམ་རིམ་ཆེན་མོ་དག་ཚར་གཅིག་བཏོན་ཞིང་། དེའི་དུས་ཡིད་གཏད་ནས་བཏོན་པས་གང་སར་འདི་འདི་ཡིན་ནམ་སྙམ་པ་སྐོར་ཞིག་གོ་བ་བྱུང་བ་ད་དུང་ཡང་བརྗེད་མེད།

ལམ་རིམ་ཆེན་མོ་ལས། ཞོས་བཀང་བའི་སྣོད་ཁང་པ་ན་གནས་པའི་ཐོག་རྩྭ་ལས་བྱས་པའི་སྟེང་ན་གནས་པའི་ཕུག་རོན་སྐྱ་བོའི་རྐང་བ་ཞོའི་སྣོད་དུ་མ་ཞུགས་ཀྱང་།  དེའི་རྐང་རྗེས་དེར་དམིགས་པ་ཞེས་པ་དེར་ཧ་ལས་ཤིང་ཚོད་ལྟ་ཞིག་བྱ་དགོས་སྙམ་པ་ད་དུང་ཡང་དྲན།

བདག་གི་མཁན་རིན་པོ་ཆེ༧མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་ཡེ་ཤེས་རྒྱ་མཚོས། དེང་སང་ལམ་རིམ་མང་མོད། ཁྱོད་ཚོས་ངེས་པར་ལམ་རིམ་ཆེན་མོར་གཟིགས། མང་བོ་མང་བོར་ལྟ་མི་དགོས། རྗེ་བླ་མ་ཧ་ཅང་མཁས་པ་ཆེན་པོ་ཡིན་པས་བལྟས་ན་མཆོག་དམན་བར་གསུམ་གྱིས་རང་གི་བློ་ཁ་དང་དང་མཐུན་པར་གོ་རྒྱུ་རེ་ཡོད། གལ་ཏེ་མི་གོ་ནའང་ཡང་ཡང་གསུངས་དང་ནམ་ཞིག་རྒྱུད་ལ་བྱིན་རླབས་ཞུགས་ནས་གོ་ཡོང་གསུངས་པས།

དེ་ནས་བཟུང་། ཁོམ་སྐབས་ཅུང་ཟད་རེ་བྱུང་དུས་ལམ་རིམ་ཆེན་མོ་བཀླགས་པ་ཡིན། དེ་ལྟར་རིམ་བཞིན་ལམ་རིན་ཆེན་མོ་སྲིད་ན་དཀོན་པའི་བསྟན་བཅོས་ཞིག་ཡིན་པའི་སྣང་བ་བྱུང་ཞིང་། ལམ་རིམ་ཆེན་མོའི་བཤད་ལུང་གཅིག་དང་ཁྲིད་གཅིག་ཐོབ་མྱོང་།

མཁན་རིན་པོ་ཆེས་གསུངས་པ་བཞིན་ལམ་རིམ་ཆེན་མོ་བཀླགས་པས་རང་ལ་ཕན་ཐོགས་པ་དེ་འདྲ་ཞིག་བསྟན་བཅོས་གཞན་གྱིས་ཕན་མ་ཐོགས་པར་སྙམ།  གཞན་ལ་འཆད་ཁུལ་བྱས་པས་ཆེན་པོ་ཞིག་བཤད་མ་ཐུབ་ནའང་ཕན་པ་ཆེན་པོ་བྱུང་བ་མཐོང་བས་ཧ་ལས་ཤིང་ངོ་མཚར།

དེ་ནས་བཟུང་ངས་ལམ་རིམ་ཆེན་མོ་དེ་འཇིག་རྟེན་འདིར་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་ཤིག་ཡིན་པར་བཟུང་ཡོད།ཡིན་ནའང་ལམ་རིམ་ཆེན་མོ་ཅི་ཞིག་ཡིན་པ་དང་སུ་ཞིག་གིས་བརྩམས་པ། ཇི་ལྟར་བརྩམས་པ་མི་ཤེས་པའི་གཞོན་ནུ་མང་བོ་ཞིག་ཡོད་ངེས།

ལམ་རིམ་ཆེན་མོ་ནི་ཇོ་བོ་རིན་པོ་ཆེའི་བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་བ་ཡིན་ལ། བྱང་ཆུབ་ལམ་གྱི་སྒྲོན་མ་ནི་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་ལ་བསྟན་པ་སྤྱི་ལ་ཕན་པའི་ཆོས་ཤིག་གནང་བར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བསྟན་པ་དག་ཐེར་མཛད་པའི་ཆེད་དུ་གསུངས་ཤིང་།འདི་ལ་ཤོག་གྲངས་འགའ་ལས་མེད་མོད། བསྟན་པ་དག་ཐེར་མཛད་པའི་བསྟན་བཅོས་ཡ་མཚན་པ་ཞིག་ཡིན།

རིམ་བཞིན་དར་རྒྱས་སུ་བྱུང་བ་ལས་བཀའ་དགེ་རྙིང་གསུམ་དང་བན་བོན་སྔགས་གསུམ་ལ་ལམ་རིམ་དར་ཡོད་པ་ལས་ལམ་རིམ་རྗེ་ཙོང་ཁ་བས་གསར་བཟོ་མཛད་པ་གཏན་ནས་མིན་ཏེ།རྒྱལ་བའི་གསུང་རབ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ། དེ་ལམ་རིམ་གྱི་སྐྱེས་བུ་གསུམ་གྱི་ལམ་དུ་འདུ། དེ་ལམ་རིམ་མདོར་བསྡུས་རེའི་ནང་དུའང་ཆ་ཚང་འདུ་བས་ན་འཇམ་མགོན་ཙོང་ཁ་བ་རང་ཉིད་ཀྱིས་ཀྱང་། གསུང་རབ་ཀུན་གྱི་སྙིང་བོ་བསྡུ་བསྡུ་བ། །ཞེས་གསུངས་པ་ཡིན།

དེ་བས་སྐྱབས་རྗེ་ཕ་བོང་ཁས། ལམ་རིམ་འདི་བོད་སྤྱིའི་ཆོས་ཡིན་ཡང་། ཁ་ཅིག་དགེ་ལྡན་པའི་སྒེར་ཆོས་སུ་འདོད་དེ་འདི་ལ་མི་མོས་པ་ནི་རང་རང་བསོད་ནམས་ཀྱི་བསགས་རྒྱབ་ཆུང་བས་ལན་པ་རེད། ཅེས་གསུངས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་དེ། ད་ལྟ་རིས་འཛིན་གྱི་ཤེལ་མིག་ནག་པོ་གྱོན་པ་སྐོར་ཞིག་གིས་ལམ་རིམ་དགེ་ལུགས་པའི་སྒེར་ཆོས་སུ་འཛིན་པ་ཇི་འདྲའི་སྐྱོ་ཨང་།

ཡང་ཡང་བསམ་པས་ཆོས་ཟབ་མོ་ཞིག་གི་སྐལ་བ་ཆད་དོ་སྙམ་ནས་ཕངས་པ་ཞིག་ཀྱང་སྐྱེས་ཤིང་། ལམ་རིམ་ཆེན་མོའི་སྐོར་ད་དུང་མུ་མཐུད་དུ་བརྗོད་འདོད།

ལམ་རིམ་མང་བོ་ཞིག་ཡོད་ནའང་དེ་ལས་ལམ་རིམ་ཆེན་མོ་ཁྱད་དུ་འཕགས་ཤིང་། རྒྱལ་བ་གཉིས་པ་ཙོང་ཁ་བ་ཆེན་པོའི་གསུང་འབུམ་བཅུ་དགུ་ལས་ཀྱང་ཁྱད་པར་འཕགས་པ་འདི་ཉིད་ཡིན་དོན་ནི་ལམ་རིམ་ཆེན་མོ་ལ་བཀའ་གདམས་པའི་ལམ་རིམ་ཐམས་ཅད་ཀྱི་གནད་བསྡུས་ཤིང་། བཀའ་བསྟན་ཐམས་ཅད་ཀྱི་བཅུད་བསྡུས་པས་སོ། །

ལྷག་པར་མཇུག་བྱང་ལས་གསལ་བ་ལྟར་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་དང་།  སྤྱན་སྔ་བ་ནས་བརྒྱུད་པའི་ལམ་གྱི་རིམ་པ།  པོ་ཏོ་བས་ཤ་ར་བ་ལ་བརྒྱུད་པའི་ལམ་གྱི་རིམ་པ་དང་། པོ་ཏོ་བ་ནས་དོལ་བ་ལ་བརྒྱུད་པའི་ལམ་གྱི་རིམ་པ། ལོ་ཙཱ་བ་ཆེན་པོ་དང་གྲོ་ལུང་བ་ཡབ་སྲས་ཀྱི་ལམ་རིམ་གྱི་ཁོག་རྣམས་ལ་གཞི་བྱས་ནས་གནད་རྣམས་བསྡུས་ཏེ།  ལམ་ཆ་ཚང་ལ་འཁྱེར་བདེ་ཞིང་།  གོ་རིམ་མ་འཁྲུགས་པར་བཀོད་ནས་ལམ་རིམ་ཐམས་ཅད་ཀྱི་སྙིང་བོ་དང་གནད་བསྡུས་པ་ཞིག་ཀྱང་ཡིན།

རྗེ་ཙོང་ཁ་བས་བླ་མ་དབུ་མ་བར་ཕུལ་བའི་ཆབ་ཤོག་ལས་ཀྱང་། སེམས་དཔའ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པའི་མཚན་ཉིད་དང་། སྔགས་ཀྱི་ཐེག་པའི་ལམ་གྱི་རིམ་པ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཉིད་ཡ་མཚན་པར་མཐོང་ནས་སློབ་མ་བཀྲི་བའི་རིམ་པ་རྣམས་དེ་ཁོ་ནའི་སྟེང་ནས་བྱེད་ཀྱིན་ཡོད། གདམས་ངག་དེ་ཡང་གསུང་རབ་དགོངས་འགྲེལ་གྱི་བསྟན་བཅོས་མན་ངག་མཐའ་དག་ལམ་གྱི་རིམ་པ་གཅིག་ཏུ་དྲིལ་ནས་སྟོན་པར་སྣང་བས་འཆད་ཤེས་པ་དང་། ཉན་ཤེས་པ་གཉིས་ཀྱིས་བཤད་ཅིང་ཉམས་སུ་བླངས་ན་མན་ངག་ཆང་ཆུང་དུ་མ་ཟད་གསུང་རབ་མཐའ་དག་གི་གུང་འགྲིག་ནས་འོང་བར་སྣང་བས་འཁྲིད་ཀྱི་རྣམ་གྲངས་མང་བོ་སྟོན་པ་མ་བྱས། ཞེས་གསུངས།

མཁས་པའི་ཞལ་རྒྱུན་དུ་ལམ་རིམ་འདི་ནི་གསུང་རབ་གཞན་དང་གཞན་ལས་ཁྱད་ཆོས་གསུམ་དང་ཆེ་བ་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་པས་ཁྱད་ཆོས་འདི་ལྟ་བུ་ནི་དཔལ་གསང་བ་འདུས་པ་དང་བསྟན་བཅོས་མངོན་རྟོགས་རྒྱན་སོགས་ལའང་མེད། འདི་ལ་གོ་བ་ལེགས་པོ་ཞིག་ཆགས་ན་བསྟན་པ་ཡོངས་རྫོགས་ལ་གོ་བ་ཆགས་པ་ཡིན་གསུངས།

འདས་པའི་སངས་རྒྱས་རྣམས་ལམ་འདི་ལ་བརྟེན་ནས་སངས་རྒྱས་ཤིང་། ད་ལྟ་བའི་སངས་རྒྱས་རྣམས་ཀྱང་ལམ་འདི་ལ་བརྟེན་པར་མ་ཟད། མ་འོངས་པའི་སངས་རྒྱས་རྣམས་ཀྱང་ལམ་འདི་ལ་བརྟེན་ནས་འཚང་རྒྱ་བ་ཡིན་པས་སངས་རྒྱས་ཐམས་ཅད་གཤེགས་སའི་ཤུལ་ལམ་དེ་ལ་ཞུགས་ན་སངས་རྒྱས་ཐམས་ཅད་ཀྱིས་བརྙེས་པའི་གོ་འཕང་དེར་སླེབས་ཏེ་འོང་།

ཕུ་ཆུང་བས་སྤྱན་སྔ་བ་ལ་བསམ་གཟུགས་བརྒྱད་ཐོབ་པ།རིག་པའི་གནས་ལྔ་ལ་མཁས་པ་རྣམས་དང་།ཇོ་བོའི་ལམ་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་གཉིས་ལས་གང་བཟང་དྲིས་པས་བསམ་གཟུགས་བརྒྱད་མངོན་ཤེས་ལྔ་གྲུབ་པ་བརྒྱད་སོགས་ཕྱོགས་གཅིག་ཏུ་བཞག་ནས། ཇོ་བོའི་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་ཕར་ཞོག དེ་ལ་གོ་བ་རྣམ་དག་ཅིག་སྐྱེས་པའང་ཕར་ཞོག ལམ་རིམ་འདི་ཙུག་ཡིན་ནམ་སྙམ་པའི་གོ་བ་བྱུང་ན་ང་ནི་དེ་གདམ་གསུངས་པ་བཞིན་ནོ། །ཞེས་གསུངས་པ་ནི་ཡིད་ལ་ངེས་པར་འཛིན་དགོས་པའི་མན་ངག་ཡིན་ནོ། །

གནད་དེར་དམིགས་ནས་ཀུན་མཁྱེན་འཇིགས་མེད་དབང་བོས།ལམ་རིམ་གྱི་ཁྲིད་ཐོབ་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་ཁྲིད་ཐོབ་པའི་གོ་ཆོད།ལམ་རིམ་ལ་ཉན་བཤད་བྱས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་ཉན་བཤད་བྱས་པའི་གོ་ཆོད། ལམ་རིམ་སྐྱོར་སྦྱོང་བྱས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་སྐྱོར་སྦྱོང་བྱས་པའི་གོ་ཆོད། ཅེས་གསུངས་ཤིང་། རྗེ་ཕ་བོང་ཁས། ལམ་རིམ་འདི་འཆད་ཉན་ཚར་གཅིག་བྱས་པས་ཀྱང་འཛམ་གླིང་ན་ཡོད་པའི་གསུང་རབ་པོ་ཏི་ཡོངས་རྫོགས་ཀྱི་སྙིང་བོ་བཏོན་ནས་འཆད་ཉན་བྱས་པ་ཡིན། ཞེས་གསུངས།

དེ་ནི་བདག་གིས་ལམ་རིམ་ཆེན་མོ་འདི་ཉིད་སྲིད་འདིའི་བསྟན་བཅོས་ཐམས་ཅད་ཀྱི་གཙུག་རྒྱན་དུ་འཛིན་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན། བླ་མ་རིན་པོ་ཆེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇིགས་མེད་དཔལ་ལྡན་མཚན་ཅན་གྱི་ཞལ་སྔ་ནས། བརྒྱད་སྟོང་བ་རང་གིས་ཆེད་དུ་བྱ་བའི་གདུལ་བྱ་ལ་ཆེ་བ་བཞི་ལྡན་ཡིན་ཡང་རང་ཅག་ལ་མིན། རང་ཅག་གིས་བརྒྱད་སྟོང་བ་ལ་བལྟས་ན་བསྐྱར་ཟློས་ལྟ་བུ་ཞིག་ལས་མེད་པས་སོ། །ལམ་རིམ་སྔགས་རིམ་གཉིས་རྗེ་བླ་མས་མདོ་སྔགས་གཉིས་ཀྱི་བཅུད་ཕྱུངས་པ་ཡིན་པས་ཉིན་རེ་བཞིན་ཤོག་གྲངས་འགའ་རེ་ཡིན་ཡང་བཀླག་རྒྱུ་ཤིན་ཏུ་གལ་ཆེ་སྟེ། ཤི་ཁར་གཞན་ལ་ལམ་རིམ་གཡར་ནས་སྔས་མགོར་འཇོག་དགོས་བྱུང་ཚེ་ད་ཚར་སོང་།ཞེས་གསུངས་པ་ཇི་འདྲའི་བདེན་ཨང་།

ཞང་སྟོན་བསྟན་པ་རྒྱ་མཚོས།ཆོས་བྱང་ཆུབ་ལམ་གྱི་རིམ་པ་ཡི། །བཤད་སྒྲུབ་ཀྱི་བྱ་བ་དཀའ་ན་ཡང་། །གླེགས་བམ་རེ་ཡིན་ཡང་སྤེལ་ན་སྙམ། །ཕྱོགས་ཕྱོགས་སུ་འབད་པས་སྐུལ་མ་བྱས། །ཞེས་གསུངས་པ་ལྟར་འདི་ཉིད་འཆད་པའི་ཕན་ཡོན་ཡང་གཞན་ལས་ཆེ།ཉན་པའི་ཕན་ཡོན་ཡང་གཞན་ལས་ཆེ།བསམ་པའི་ཕན་ཡོན་ཡང་གཞན་ལས་ཆེ།བཀླགས་པའི་ཕན་ཡོན་ཡང་གཞན་ལས་ཆེ་བས་ང་ཚོས་མདོ་སྔགས་གཉིས་ཀྱི་ཉིང་བཅུད་ལམ་རིམ་ཆེན་མོ་རྒྱུན་དུ་གསུང་བའི་སྐལ་བ་ལྡན་ན་ཇི་འདྲའི་སྤྲོ་ཨང་།

རྗེ་བླ་མས་མ་འོངས་པའི་དུས་ཀྱི་སློབ་མ་ང་དང་མ་འཕྲད་སྙམ་དུ་ཡིད་གདུང་བ་རྣམས་ཀྱིས།ངས་བརྩམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་ཤིག་དང་།ང་ཕྲད་པ་དང་ཁྱད་པར་མེད།ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་ཏེ་གཅིག་ཏུ་དྲིལ་ནས་བཤད་པ་ཡིན།ང་དང་ཕྲད་ཀྱང་དེ་ལས་ལྷག་པ་བཤད་རྒྱུ་མི་འོང་བ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བསྩལ།

དེ་བས་རྗེའི་བླ་མའི་རྗེས་འཇུག་པ་ཞིག་ཡིན་ན་ངེས་པར་ལམ་རིམ་ཆེན་མོ་བཀླག་དགོས་ཤིང་། ལམ་རིམ་ཆེན་མོར་མ་གཟིགས་ན་རྗེ་བླ་མའི་བསྟན་པར་མ་མཇལ་བ་ལྟ་བུ་ཡིན། ཨ་རིག་དགེ་བཤེས་ཆེན་མོས། འཆི་ཁར་ཡང་ལམ་རིམ་ཆེན་མོ་སྔས་སུ་བཞག་སྟེ་མགོ་གཏུགས་ནས་དད་གུས་དང་བཅས་འཆི་རྒྱུ་བྱུང་ན་འཕོ་བའང་དེ་ཀ་ཡིན་ཞེས་དཔོན་སློབ་བྱམས་པས་གསུངས།ཞེས་གསུངས་ཡོད།

དེ་བས་བདག་གིས་ཁོམ་སྐབས་དང་རང་ལ་འདྲིས་པའི་མི་ཞིག་ཚེ་ལས་འདས་པའི་སྐབས་སུ་དེའི་འདས་ཆོས་སུ་ལམ་རིམ་ཆེན་མོ་བཀླགས་པ་ཡིན། གཞན་ལའང་ལམ་རིམ་ཆེན་པོ་གསུང་བར་བསྐུལ་བ་ཡིན།ཁོམ་པ་ཅུང་ཟད་ཅིག་བྱུང་ན་ལམ་རིམ་ཆེན་མོ་བཀླགས་པ་ཡིན།

བདག་གི་ཞང་བོ་དགེ་སློང་དགེ་འདུན་འོད་ཟེར་ལ་བསྐུལ་བ་བཞིན་ཁོང་གིས་ལམ་རིམ་ཆེན་མོ་ཚར་བརྒྱ་འདོན་པར་ཁས་བླངས་མོད། ལྔ་བཅུ་ལས་མ་གྲུབ་པས་ད་ངའི་མིག་གིས་མི་ནུས་པས་ཚར་ལྔ་བཅུ་ཁྱོད་ཀྱིས་འདོན་དགོས་ཞེས་ཁ་ཆེམས་ལྟ་བུར་བཞག་པས། ངས་ཁོང་བཞུགས་ཐོག་ཚར་ལྔ་བཅུ་གྲུབ་པར་བྱས་ཤིང་། ཁོང་གཤེགས་རྗེས་སུ་མུ་མཐུད་དུ་བཏོན་པས་ཚར་ལྔ་བཅུ་སྟེ་བརྒྱ་གྲུབ་པར་བྱས། དེ་ནས་ཀྱང་མུ་མཐུད་དུ་བཀླགས་པ་ཡིན།

བླ་མ་རིན་པོ་ཆེས། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས། སྐྱེས་བུ་གསུམ་གྱི་ལམ་རིམ་ལམ་གྱི་གཙོ་བོ་རྣམ་གསུམ་དུ་བསྡུས་པ་ཡིན། དེ་བས་ང་དགོན་པ་གང་དུ་སོང་ནའང་ལམ་རིམ་བཤད་པ་ཡིན། དགོས་རྒྱུ་དབང་དགོས་ནའང་ངས་དྲག་གི་ཞེས་ལམ་རིམ་བཤད་པའི་རྒྱུ་མཚན་དེ་ཡིན། ང་རྒྱུན་དུ་དགོན་པ་རྣམས་ལ་སོང་ནས་ལམ་རིམ་རྒྱུན་འདོན་བྱེད་དུ་བཅུག་པ་ཡིན་པས། དགོན་པ་རྣམས་རྡུང་རེས་རྒྱག་པ་རྣམས་རྡུང་རེས་རྒྱག་པར་ངོ་ཚ་ནས་མི་མཐུན་པ་རྣམས་མཐུན་པར་གྱུར་པ་བྱང་ཆུབ་ལམ་རིམ་གྱི་བྱིན་རླབས་ཞུགས་པ་ཡིན།  ཞེས་གསུངས།

ལམ་རིམ་ཆེན་མོ་བཀླགས་ན་གཞན་ཀློག་པ་དང་མི་འདྲ་བར་བཀླགས་ཐེངས་རེ་ལ་བློ་བསྐྱེད་རེ་འབྱུང་ལ། སྔོན་དང་མི་འདྲ་བའི་གོ་བ་ཞིག་ཀྱང་རྙེད།བདག་གིས་མདོ་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས་མོད། རང་གི་སེམས་ལ་འཛིན་རྒྱུ་ཡོད་པ་ནི་བྱང་ཆུབ་ལམ་གྱི་སྐོར་ཡིན་ལ། རང་གི་སེམས་ལ་ཕན་ཐོགས་པའང་བྱང་ཆུབ་ལམ་རིམ་གྱི་སྐོར་ཡིན།

ལམ་རིམ་ལ་གོམས་ཆ་ཅུང་ཟད་བྱུང་བས་བཀའ་པོད་ལྔའི་གནད་ཀྱང་འདིའི་སྟེང་ན་འདུག  རྒྱུད་སྡེ་བཞིའི་ཟབ་ཀྱང་འདིའི་སྟེང་ན་འདུག་ཅེས་ངེས་པ་ཅུང་ཟད་རེ་སྟེར།

ལམ་རིམ་ཆེན་མོ་ལས་ཆེ་བ་བཞི་གསུངས་པ་ལྟར་འདི་ཉིད་ལ་རིང་དུ་འདྲིས་ན་ཕྱོགས་འཛིན་གྱི་མུན་པ་སེལ་ངེས་ལ།  ཆོས་སྤོང་གི་ན་བུན་ཡང་ཡལ་བར་ངེས། ངས་གཞན་ལ་ལམ་རིམ་ཆེན་མོ་བཤད་ཁུལ་མང་དུ་བྱས་ཏེ། གཞན་གྱི་སེམས་ལ་ཕན་ཐོགས་པ་འདི་འདྲ་གཞན་གྱིས་ཕན་ཐོགས་དཀའ་བ་མཐོང་ཞིང་། དད་པ་མེད་པའི་ལྟ་ལོག་པ་སྐོར་ཞིག་ཀྱང་ལམ་རིམ་སྦྱངས་པས་སེམས་པ་འགྱུར་ནས་དད་པ་དང་ལྡན་པར་གྱུར་པ་མང་།

ལོ་འགའི་སྔོན་ལ་ངེད་ཅག་གིས་ལམ་རིམ་ཆེན་མོ་ཉིས་སྟོང་ལྷག་དཔར་ནས་གྲོང་བ་ཕོ་མོ་ལམ་རིམ་ཁ་ཏོན་བྱ་འདོད་པ་དང་སློབ་གཉེར་བྱ་འདོད་པ་དག་ལ་ཕུལ་བ་ཡིན། དེ་དག་ལས་ལམ་རིམ་ཆེན་མོ་ཚར་བརྒྱ་ལྷག་གསུངས་པ་མང་ལ། ཚར་བརྒྱ་ལ་ཉེ་བ་བཀླགས་པའང་མང་། ལམ་རིམ་ཆེན་མོ་གསུང་བ་ལས་བྱ་བ་སྤྱོད་པ་འགྱུར་བའང་མང་དུ་མཐོང་།

བདག་གིས་ལོ་མང་བོར་ལམ་རིམ་གསུང་བར་བསྐུལ་ཅིང་ལམ་རིམ་ལ་འཆད་ཉན་བྱས་པའི་ཕན་ཡོན་བཤད་པས་བདག་ལ་འབྲེལ་ཐོགས་ཀྱི་ཁྱིམ་པ་མང་བོ་ཞིག་གིས་མི་ཤི་ན་ལམ་རིམ་གསུང་དགོས་པ་ཤེས་ཡོད། རིམ་གྲོ་ལ་ཡང་གཏའ་གཏོ་ལས་ཀྱང་ལམ་རིམ་གསུངས་ན་ཕན་ཡོན་ཆེ་བ་ཤེས་ཡོད། ཆོས་ཞེས་པ་སེམས་པ་འགྱུར་དགོས་པ་ཞིག་ལས་ལྷ་རྟེན་ཆོས་གསུམ་བཞེང་དགོས་པ་ཞིག་མིན་པའང་ཤེས།

དེ་ནི་བདག་ལ་མཚོན་ན་ཆེས་སྤྲོ་བའི་དོན་ཞིག་ཡིན་ལ། དེ་དག་ལ་མཚོན་ནའང་ཆེས་རྙེད་དཀའ་བའི་དོན་ཆེན་ཞིག་རེད།

ལོ་ཆུང་ངུའི་དུས་ནས་བདག་ལམ་རིམ་ཆེན་མོར་མཇལ་བ་འདི་ད་ལྟ་བསམ་ན་རང་གི་ཚེ་སྔོན་མར་བསགས་པའི་བསོད་ནམས་ཡིན་ངེས་ཤིང་། སྐྱེ་བ་འདིར་ལམ་རིམ་ཆེན་མོར་འཆད་ཉན་བྱེད་པའི་སྐལ་བ་ཞིག་བྱུང་བའང་རྗེ་བླ་མར་ལས་འབྲེལ་ཡོད་པའི་རྟགས་ཤིག་མིན་ན་ཅི་ཡིན།

ད་ལྟ་ལམ་རིམ་ཆེན་མོ་ནི་བདག་གི་སྐྱེ་བ་འདིར་ཆེས་འབྲེལ་ཟབ་པའི་བསྟན་བཅོས་ཤིག་ཏུ་གྱུར་ཡོད། གང་དུའང་འཁྱེར་དགོས་པའི་དཔེ་ཆ་ཞིག་ཏུ་གྱུར་ཡོད།

 2023ལོའི་ཟླ་བཅུ་བའི་ཚེས་ཉེར་བཞིན་ཉིན་རྨ་ཀླུང་གསེར་ལྡན་རིང་མོའི་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།