སྐྱེ་བ་སྔོན་མའི་བླ་མ་མཇལ་བར་ཕེབས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-27 13:03:51     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

-------བགྲོ་གླེང་གི་འཕྲོ་ལ་ཐེ་ཚོམ་སྐྱེས་ནས་ཁམས་ན་འབྲོམ་ཞེས་པའི་ཆོས་འཆད་མཁན་གཅིག་ཡོད་ཟེར་བས་ཁྱེད་དེ་ཡིན་ནམ་ཟེར། 

                                      འབྲོམ་གྱི་རྣམ་ཐར།ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་འཇིག་རྟེན་འདིར་གལ་ཆེ་བ་ནི་བླ་མ་བསྟེན་པ་དེ་ཡིན། བླ་མ་ནི་ཆོས་ཀྱི་མིག་ཡིན་ལ། བླང་དོར་གྱི་མིག་དང་འཁོར་བའི་འདྲེན་པའང་ཡིན།

གལ་ཏེ་ཁྱོད་བླ་མ་བཟང་བོ་ཞིག་ལ་འཕྲད་ན་ཁྱོད་སྐལ་བ་ལྡན་པ་ཞིག་ཡིན། ཁྱོད་ཀྱི་བདེ་དགེའི་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་ངེས་རེད།དེ་བས་བླ་མ་བཟང་བོ་ཞིག་ལ་མཇལ་བའི་ཆེད་དུ་བཅའ་བ་རིམ་གྲོ་དང་ཡི་དམ་ལ་གསོལ་བ་འདེབས།

ལྷག་པར་རང་ལ་ལས་འབྲེལ་ཡོད་པའི་བླ་མ་ཞིག་ལ་འཕྲད་ན་རང་ལ་ལྷག་པར་ཕན་ཐོགས་པ་རེད། འབྲོམ་གྱིས་སྐྱེ་བ་སྔོན་མའི་བླ་མ་ཞིག་བཙལ་མྱོང་སྟེ། བླ་མ་དེ་ནི་ཇོ་བོ་རྗེ་རེད།དེ་ནི་ཁོང་གི་སྐྱེ་བ་སྔོན་མར་བསྟེན་པའི་བླ་མ་ཞིག་ཡིན་པས་ཇོ་བོས་ཀྱང་ཁོང་གི་སྐྱེ་བ་སྔོན་མའི་སློབ་མ་འདི་དང་མཇལ་བར་རེ་བ་ཆེན་པོ་བྱས་ཡོད།

འབྲོམ་སྟོན་པས་པནྜི་ཏ་སྒྲའི་ཚེར་མ་ལས་སཾ་སྐྲྀ་ཏར་སྦྱོང་དུས་རྒྱ་གར་ན་ད་ལྟ་པནྜི་ཏ་ཆེ་བ་ཇི་སྐད་བྱ་བ་ཡོད་དྲིས་པས། ཆེ་བགྲེས་ནཱ་རོ་པ་དང་། ཤཱནྟི་པ་བྱ་བ་ཡོད། དེ་གཉིས་ད་ཙམ་འདས་སམ། ད་ལྟ་པནྜི་ཏ་དཱི་པཾ་ཀ་ར་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞིག་ཡོད་དེ། དེ་རང་ཆེ་བར་འོང་ཞེས་གསུངས་པས། སྟོན་པའི་ཐུགས་ལ་དེ་དང་མཇལ་ན་དགའ་བ་ལ། དེ་དང་ཅིས་ཀྱང་མཇལ་དགོས་སྙམ།

ཁོང་ཁམས་སུ་བཞུགས་དུས་དབུས་ཀྱི་ཚོང་བ་མང་བོ་ལས་མངའ་རིས་ཀྱི་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་ལྷ་གཅིག་ཟེར་བའི་པནྜི་ཏ་ཆེན་པོ་ཞིག་གདན་དྲངས་ནས་མངའ་རིས་སུ་བཞུགས་པ་ཐོས་པས་མཇལ་དུ་འབྱོན་པའི་འདུན་པ་དྲག་ཏུ་བྱུང་།

རང་གི་སློབ་དཔོན་སེ་བཙུན་ལ་ཞུས་ཏེ་འགྲོ་སྙམ་པའི་དུས་སུ་སེ་བཙུན་གྱི་ཞལ་ནས། ཁྱོད་དབུས་སུ་སོང་། ཕ་ཡག་གཤེར་སྐུ་གཤེན་དེ་ད་དུང་མ་ཤི་བར་འདུག་པར་ཕ་ལ་ཐུག་ཏུ་སོང་གསུངས།དགེ་བཤེས་སྟོན་པས་ཁོང་གིས། སྔོན་ནས་ཕ་ཡོད་པ་མཁྱེན་ཡོད་པས་དེ་ལྟར་གསུངས་པ་ཇོ་བོ་དང་ངོ་སྤྲོད་པ་ཡིན་པ་འདྲ་གསུངས།

སེ་བཙུན་ལ་མངའ་རིས་སུ་འགྲོ་བར་ཞུས། ཁོང་གིས་ཀྱང་མི་དགྱེས་པ་མེད་པར་དཔེ་རྟ་ཁལ་གཅིག་གནང་།  འདིར་ཕན་མི་ཐོགས་པས་འདི་ཁྱོད་ཀྱི་མཆོད་གནས་གྱིས་གསུངས།

ཁོང་ཉེ་གནས་ཁམས་པ་ཡེ་རྒྱལ་དང་བཅས་བྱང་ལམ་དུ་སླེབས་ཙ་ན་མངའ་རིས་ཀྱི་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་ལྷ་ཅིག་བྱ་བའི་པཎྜ་ཏ་ཆེན་པོ་ཞིག་གདན་དྲངས་པ་ཡུན་རིང་མི་འགོར་ཕྱིར་རྒྱ་གར་དུ་ཕེབས་རྩིས་འདུག་པ་གསན་པས་དེར་ཇོ་བོའི་མཚན་ཐོས་པ་ཙམ་གྱིས་ཐུགས་རང་དབང་མེད་པར་གཡོས་ཤིང་། དད་གུས་བསམ་གྱིས་མི་ཁྱབ་པ་འཁྲུངས།

དེ་ནི་སྐྱེ་བ་སྔ་མར་ལས་འབྲེལ་ཡོད་པའི་རྟགས་ཤིག་ཡིན་ངེས་ལ་སྐྱེ་བ་འདིར་ཆོས་ཀྱི་སྒོ་མོ་ཞིག་འབྱེད་པའི་རྟེན་འབྲེལ་ཡང་ཡིན་ངེས།

དེ་ནས་སོག་ཆུ་ཁར་ཕེབས་པ་དང་། ཁང་པ་ཞིག་ན་ཀུ་དི་རི་འདུག་པས། ཁོང་གིས་གཞན་ལ་འདི་ན་ཅི་ཞིག་བྱེད་ཀྱིན་ཡོད་དྲིས་པས། འཕྲང་ཁ་བེར་ཆུང་ཡབ་བེར་ཆེན་གྱི་འདད་དང་། སྲིད་པོ་རྣམས་བསྡུ་བའི་ཆང་ཡོད་པ་ཡིན་ཟེར།

འཕྲང་ཁ་བེར་ཆུང་ཞེས་པ་བློ་མཛངས་པས་དགུང་ལོ་བཅུ་དྲུག་ནས་དཔོན་པོ་བྱས་ནས་འབངས་ཐམས་ཅད་སྐྱོང་། ཡོན་ཏན་ཡང་སྔགས་པ་འབྲིང་བོ་ཞིག་གི་ཚད་ཡོད་པས་སྐབས་དེར་ཤ་ཟན་ལ་དམག་འདྲེན་པའི་ཕྱིར་རྩམ་ཟན་གྱི་དཔུང་བསྡུས་ནས་སོག་ཆུ་བར་དམག་སྒར་བཙུགས་པའི་སྐབས་རེད།  ཁོང་དེར་བྱོན་པ་ལ།

འཕྲང་ཁ་བེར་ཆུང་གིས། ལྟོས་ཚོད་ལ་ཁྱོད་ཆོས་གྲྭ་ནས་འོངས་པའི་དགེ་བསྙེན་ཞིག་འདུག་སྟེ། ང་ཡང་ཞང་འཕྲང་ཁ་བེར་ཆུང་བྱ་བའི་མི་ཆེན་ཞིག་ཡིན། ཁྱོད་ཀྱིས་དེ་ན་ཡར་ལ་ཕྱག་ཝ་འཁྱུག་པ་འདྲ་བ་ཚོལ་ཟེར་བས། སྟོན་པས་དེ་བཞིན་དུ་ཕྱག་འཚལ།

འཕྲང་ཁ་བེར་ཆུང་ཟེར་བ་དེས་ཆོས་གཏམ་ལ་དགའ་བས་ཆོས་བཤད་མང་པོ་བྱས་ཏེ་འབྲོམ་དང་ཆོས་ཀྱི་བགྲོ་བ་བྱས།  འབྲོམ་གྱི་གཏམ་ལས་ཐེ་ཚོམ་ནས་ཁམས་ན་འབྲོམ་སྟོན་པ་ཟེར་བའི་དགེ་བསྙེན་ཆོས་པ་ཞིག་ཡོད་ཟེར། ཁྱེད་དེ་ཡིན་ནམ་ཞེས་དྲིས།

 ཁོང་གིས། ཡིན་པའང་སྲིད་གསུངས་པས། ཁོང་ཧ་ལས་ཏེ། ཁོང་རང་གི་འོག་གི་གྲུམ་ཟེ་ཕྱུང་སྟེ་དགེ་བཤེས་སྟོན་པ་ལ་བཏིངས། རྟ་བཟང་པོ་གཅིག་གིས་ཐུར་མདའ་དར་ཡུག་ལ་བྱས་ནས་ཕུལ་ནས། ཐོག་མར་ཕྱག་བླངས་པའི་བཟོད་གསོལ་དང་། དེ་ནས་བགྲོ་གླེང་བྱས་པའི་བཟོད་གསོལ་བྱས། 

ར་སྒྲེང་གི་ས་ཆ་འདིར་དགོན་པ་མཛད་དེ་མཆོད་གནས་མཛད་པར་ཞུས་པ་ལས།སྟོན་པས། ང་ད་རེས་སྡོད་པར་མི་ཁོམ། མངའ་རིས་སྟོད་ཡ་གིར་པནྜི་ཏ་ཆེན་པོ་ཞིག་བྱོན་ཟེར་བས། དེར་འགྲོ་དགོས་གསུངས།འོ་ན་ཁྱོད་དེ་ནས་མར་ཕེབས་ནས་ངའི་མཆོད་གནས་བྱ་དགོས་ཟེར། 

སྟོན་པའི་ཞལ་ནས། ང་ལ་རེ་བ་གསུམ་ཡོད། ཁྱོད་ཀྱིས་དེ་གསུམ་ཁས་ལེན་ན་མཆོད་གནས་བྱ་གསུངས། དེ་གསུམ་གང་ཡིན་ཞེས་ཞུས་པས། ཕོད་མདོའི་མཁར་འདི་བཤིག་ལ་གཙུག་ལག་ཁང་ཞིག་བཞེངས། ཤ་ཟན་དང་རྩམ་ཟན་གྱི་འཁྲུག་པ་ནི་བསྡུམས། ངའི་ཕྱི་ནས་ཡར་ལ་རྔོག་ལེགས་པའི་ཤེས་རབ་བྱ་བ་ཅན་ཞིག་ཡོང་ངེས་པས་དེ་ལ་ཆོས་ཞུ། དེ་མ་བྱུང་ན་གཡོན་རུ་ན་ཁུ་སྟོན་ཞེས་བྱ་བའི་བློ་རྣོ་བ་ཞིག་ཡོད། དེ་སྤྱན་དྲོངས་ལ་ཆོས་ཞུས་གསུངས།

ཁོང་གིས། གཞན་གཉིས་པོ་ངས་ཁས་བླངས་ཆོག ཤ་ཟན་དང་རྩམ་ཟན་གྱི་འཁྲུག་པ་འདི་ཁས་ལེན་དཀའ།  སྔར་ཡང་འབྲི་དྲུག་ཅུ་ཙམ་ཟོས་ཟིན། འོ་ན་ཡང་ཁམ་ཙམ་མེད་ཟེར། འབྲོམ་གྱིས་དེས་ན་བསྐྱུར་ཞོག་གསུངས་པས་ཁོས་བསྡུམས་བྱས་པས་ཆོག་ཟེར་ནས་རེ་བ་གསུམ་པོ་ཁས་བླངས། དེ་ནས་རྒྱལ་གྱི་ཞང་ཆེན་པོ་ཁོང་གི་དགེ་བསྙེན་གྱི་སློབ་དཔོན་ཡིན་པས་མཇལ་ཏེ་ཕྱག་ཕུལ།

དེ་ནས་ཡར་བྱོན་ཏེ་འཕང་ཁ་རྗེའི་མཁར་བ་བཤིག་ནས་ཕོད་མདོའི་བདུད་འདུལ་གྱི་གཙུག་ལག་ཁང་བཞེངས། ས་གནོན་གྱི་ཆོ་གའང་འབྲོམ་གྱིས་མཛད། བེར་ཆེན་གུམ་པའི་དགེ་རྩ་བསྒྲུབས། བེར་ཆུང་གིས་བདག་ཀྱང་དགེ་བཤེས་རྗེས་སུ་འགྲོ་ཞེས་ཟེར་བ་ལས་ཡུལ་མི་རྣམས་ཀྱིས་བཤོལ་བས་འགྲོ་མ་ཐུབ།

ཇོ་བོ་ཆེན་པོ་དབུས་སུ་གདན་འདྲེན་འདུན་གྱིས་སྐབས་དེའི་མི་ཆེན་རྣམས་ལ་མཇལ་ཏེ། སྐ་བ་ཤཱཀྱ་དབང་ཕྱུག་རྒྱ་མོའི་མུར་ཇ་ཕུལ། ལྷ་བཙུན་བོ་དྷི་རཱ་ཛ་ལ་སོགས་པ་བོད་ཀྱི་མི་ཆེན་རྣམས་ལ་ཞེ་ས་དང་འཚམས་འདྲི་མཛད་ནས། ད་ལྟ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལྷ་གཅིག་བྱ་བའི་པནྜི་ཏ་མཁས་པ་ཞིག་གདན་དྲངས་ནས་མངའ་རིས་ན་བཞུགས་ཡོད་ཟེར། ངས་དེ་གདན་འདྲོངས་ན་ཁྱེད་རྣམས་ཀྱིས་མཇལ་ནས་དབུལ་བ་ཕུལ་རོགས་ཅེས་ཞུ་བ་ཕུལ།

སྐ་བ་ཤཱཀྱ་དབང་ཕྱུག་ལ་ངས་ཇོ་བོ་གདན་འདྲེན་པའི་ཆབ་ཤོག་ཁྱེད་ཀྱི་ཕྱག་ཏུ་འབུལ་གྱི།   ཁྱོད་ཀྱིས་བོད་ཀྱི་མི་ཆེན་རྣམས་ལ་སྐུལ་མ་གནང་ནས་གཙང་ལ་སྟོད་དུ་བསུ་བར་ཕེབས་པར་མཛོད་ཅེས་ཞུ་བས། སྐ་བ་ཤཱཀྱ་དབང་ཕྱུག་གིས། ཁྱོད་ཀྱིས་སྤྱན་ཅི་འདྲོངས་གྱིས་དང་། ངས་སྐུལ་མ་བྱས་ནས་གཙང་ལ་སྟོད་དུ་བསུ། ཞེས་ཁས་བླངས།

དེ་ནས་མི་ཆོས་རྣམས་ལ་གསེར་སློང་ལ་བྱོན་པས། ད་ལྟ་ཉུང་བ་ལས་མི་འོང་། ཕྱིས་མང་དུ་དབུལ་ཞུས་པས། ཁོང་གིས་ཉུང་ཡང་པནྜི་ཏ་ལ་མཆོད་དགོས་པ་ད་ལྟ་དགོས་གསུངས་ནས་བསྡུས།

མྱུར་ཏུ་སླེབས་པར་དགོངས་ཏེ་མི་མེད་ས་སྟོང་གི་བྱང་ལམ་བརྒྱུད་ནས་མངའ་རིས་སུ་ཕེབས། 

ལམ་མི་ཤེས་པར་གར་འགྲོ་གཏོལ་ལ་བྲལ་བའི་སྐབས་སུ་གར་ཡོང་འདི་ཡོང་མེད་པའི་བནྡེ་ཧྲལ་པོ་ཞིག་བྱུང་ནས་ལམ་བསྟན།  སྐྱེལ་ཐུང་བྱས་ནས་བདེ་བར་བཞུད་ཅིག ད་སྣ་ཤུད་ཀྱི་འཁྲུག་པ་ལངས་པས་ང་འགྲོ་མི་ཁོམ་ཟེར་ནས་སོང་། ཁོང་གིས་པེ་དཀར་འདི་ཡང་ཆོས་གཤའ་མར་བྱེད་པ་ལ་གྲོགས་བྱེད་ཀྱིན་འདུག་གསུངས།

ཡང་ལམ་མ་རྙེད་པ་ཅིག་ལ་ཤ་བ་ཅིག་སོང་བའི་རྗེས་ལ་བྱོན་པས་ལམ་ཏིག་གིས་བྱུང་། དེ་ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡིན་གསུངས།

དེ་ལྟར་ཕེབས་པས་ཁོང་མངའ་རིས་སུ་སླེབས་ནས་ཇོ་བོར་ཆེན་པོ་མཇལ། རིམ་བཞིན་བཀའ་གདམས་བསྟན་པའི་སྲོལ་ཕྱེས།

དེ་ནས་ཁོང་ཇོ་བོར་ཇི་ལྟར་མཇལ་བར་ཤེས་འདོད་ན་རྗེ་བཙུན་སྒྲོལ་མས་ལུང་བསྟན་པའི་དགེ་བསྙེན་ཞེས་པའི་ཚན་པ་དེར་གཟིགས་རོགས།

ཟླ་བཞི་བའི་ཚེས་ཉེར་བདུན་སྔ་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།