མཛོ་མོ་ཤི་ཤུལ་གྱི་ཆོས་སྡེ་བྱིན་ཅན།-------མཛོ་མོ་མཁར་ལ་མཇལ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-03 21:39:22     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དེ་རིང་བདག་སྟེས་དབང་གིས་མཛོ་མོ་མཁར་ལ་འགྲོ་བའི་གོ་སྐབས་བྱུང་། མཛོ་མོ་མཁར་ནི་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་སྐུ་གདུང་མཆོད་རྟེན་བཞུགས་པའི་དགོན་པ་ཞིག་ཡིན་ལ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། མི་དབང་ཏཱ་མིང་རྒྱལ་བོའི་བསོད་ནམས་དང་།། བྱམས་ཆེན་ཆོས་རྗེའི་འཕྲིན་ལས་ཟུང་འབྲེལ་གྱིས།།བསྐྲུན་པའི་མཛོ་མོ་མཁར་གྱི་གཙུག་ལག་ཁང་།།ཕྱི་རྟེན་ནང་རྟེན་ཡོད་དགུ་མཇལ་ལགས་སམ།།ཁྱད་པར་རྒྱལ་བ་གཉིས་པའི་བུ་ཆེན་མཆོག།བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི།།རིང་བསྲེལ་སྙིང་བོར་བཞུགས་པའི་མཆོད་རྟེན་དང་།།དེ་ཡི་ཐུགས་དམ་རྟེན་རྣམས་མཇལ་ལགས་སམ།།ཞེས་གསུངས་པའི་དགོན་པ་དེ་ཡིན།

དེ་བས་དགོན་འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་ཆེས་གནད་ཆེ་བའི་དགོན་པ་ཞིག་ཀྱང་ཡིན། དགོན་པ་འདི་ནི་ཆབ་སྲིད་དང་འབྲེལ་བའི་དགོན་པ་ཞིག་ཡིན་ལ་དགེ་ལུགས་པའི་བསྟན་པ་བྱང་ཕྱོགས་རྒྱ་མཚོར་གཏུགས་པར་དར་བའི་འཕྲིན་ལས་མངོན་པར་མཐོ་བའི་དགོན་པ་ཞིག་ཀྱང་ཡིན།

ང་ཚོའི་རླངས་འཁོར་ལོ་ཀྱཱ་ཏུན་ནས་མཛོ་མོ་མཁར་ལ་འགྲོ་བའི་ལམ་དུ་རྒྱུགས་ཀྱིན་ཡོད། རྗེ་བླ་མ་འཁྲུངས་པའི་གནས་སྐུ་འབུམ་ཡིན་ཞིང་། རབ་ཏུ་བྱུང་བའི་དགོན་པ་བྱ་ཁྱུང་ཡིན་ལ་འདི་ནི་རྗེ་ཙོང་ཁ་བའི་སྐུ་ཚབ་ཀྱི་དགོན་པ་ཞིག་ཡིན། དགོན་པ་འདི་ད་ལྟའི་ས་ཁོངས་ཀྱི་དབང་དུ་བྱས་ན་མེན་ཧོ་རྫོང་གི་ཤར་ལྷོའི་སྤྱི་ལེ70སའི་ཀྲོང་ཡིས་ཞང་ཧོང་ཧྭ་སྡེ་བར(青海省海东地区民和回族土族自治县县城东南70公里处转导乡红花村)ཡོད། བདག་གིས་རླངས་འཁོར་དུ་བྱམས་ཆེན་ཆོས་རྗེའི་ལོ་རྒྱུས་ལ་ཕྱིར་དྲན་ཐེངས་གཅིག་བྱས། 

བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་རྗེའི་དངོས་སློབ་མི་དབང་གཙུག་ན་མཛེས་པའི་ཏི་ཤྲྀ་གཉིས་ཀྱི་ནང་ཚན་ཏེ།ཏཱ་མིང་གོང་མ་ཡུང་ལོའི་སྐབས་སུ་གསེར་ཡིག་པ་མངགས་ནས་རྗེ་ཙོང་ཁ་པ་མཆོག་གདན་ཞུ་གནང་བ་ན། སྐུ་ཚབ་ཏུ་ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་(1355--1435)མངགས། ཁོང་གི་འཁྲུངས་ལོ་ཤིང་རྟ་ལ་བཞེད་པ་ལྟར་ན་རྗེ་ལས་ལོ་གསུམ་གྱིས་བགྲེས་ཞེས་བྲག་དགོན་པས་གསུངས། ཁོང་ལ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཁྱད་པར་ཅན་མངའ། རྒྱལ་ཆེན་རྣམ་ཐོས་སྲས་ཀྱིས་རྗེས་སུ་བཟུང་། རྒྱའི་གོང་མ་ཏཱའི་མིང་རྒྱལ་བོས་སྤྱན་དྲངས། འགྲན་ཟླ་མེད་པའི་བླ་མར་མངའ་གསོལ། 

ཡང་བྱམས་ཆེན་ཆོས་རྗེ་རྒྱ་ནག་ནས་ལི་ཐང་གི་ས་ཆ་བརྒྱུད་དེ་དབུས་སུ་ཕེབས། ཁོང་གིས་སེ་ར་ཐེག་ཆེན་གླིང་ཕྱག་འདེབས་གནང་བ་ནི་བོད་ཀྱི་སློབ་གྲྭ་ཆེན་མོ་ཞིག་ཕྱག་འདེབས་གནང་བ་དང་གཉིས་སུ་མེད་པས་དགོན་པ་འདིས་བོད་ཀྱི་ཡར་རྒྱས་ལ་ནུས་པ་བླ་ན་མེད་པ་ཞིག་བཏོན་ཡོད།

བདག་ཁོང་གི་ཕྱག་རྩོམ་ཞིག་ལ་མཇལ་མ་མྱོང་མོད། སེ་ར་དགོན་པར་མཇལ་བའི་སྐབས་སུ་དགོན་པ་འདི་ནི་ཁོང་གི་ཕྱག་རྩོམ་གསོན་པོ་ཞིག་ཡིན་པའི་སྣང་བ་བྱུང་།

ཁོང་གིས་ཞྭ་སེར་གྱི་བསྟན་པ་རྒྱ་ཆེར་སྤེལ་བ་སོགས་མཛད་རྗེས་རྨད་དུ་བྱུང་བ་བཞག་པས། 1434ལོར་ཏཱ་མིང་གོང་མས།འཕྲིན་ལས་སྣ་ཚོགས་མཁས་ཤིང་གསལ་བ། ཆོས་ཉིད་དམ་པ། མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ། ཀུན་ལ་ཁྱབ་ཅིང་། རྒྱལ་ཁམས་བསྐྱབ་པ། བསྟན་པ་རྒྱས་མཛད། རབ་ཏུ་དགེ་བ། བྱམས་ཆེན་ཆོས་ཀྱི་རྒྱལ་བོ། ནུབ་ཀྱི་ཕྱོགས་སུ། རིག་པ་མཆོག་གྱུར། དེ་བཞིན་གཤེགས་པ། དབང་ཕྱུག་དང་ལྡན། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཆེན་མོ། ཞེས་པའི་མཚན་གནས་དང་གོ་ས་ཕུལ།ཧྥ་ཡན་ཟི་ཞེས་པའི་དགོན་པ་བཏབ། དགེ་ལྡན་པའི་ཕྱག་ལེན་དར་བར་མཛད། དབུས་སུ་ཕེབས། སེ་ར་ཆོས་སྡིངས་སུ་རྗེ་ཙོང་ཁ་བ་ཆེན་པོས་ཆོས་འཁོར་བསྐོར་བའི་ཞབས་ཏོག་དང་ཞལ་བཀོད་ཞུས་ཏེ་སེ་ར་ཐེག་ཆེན་གླིང་བཏབ། སླར་མར་ལམ་མཚོ་སྔོན། ཙོང་ཁ། ཟི་ལིང་། མཛོ་མོ་མཁར། ཀ་ཇུ། འཕགསཔ་ཤིང་ཀུན། ཐོའུ་ཇུ། མེན་ཇུ། ན་ཟི། ཨུ་ཐའི་ཤན་རྣམས་བརྒྱུད་དེ་ཕོ་བྲང་དུ་ཕེབས།

ཕོ་བྲང་ལ་བྱོན་པ་ན་ཏཱ་མིང་རྒྱལ་བོ་གཤེགས་ཀྱང་། སྲས་ཟོན་ཏེས་གུས་མཆོད་ཆེན་པོ་མཛད་པ་ལས་སྙན་གསན་དང་གཞན་དོན་མཐའ་ཡས་བསྐྱངས། ཡང་དབུས་སུ་ཕེབས་པའི་ལམ་དུ་སྐུ་བསྙུང་།  སྤྱི་ལོ1435ལོར་རྒྱ་ཡུལ་ནས་དབུས་གཙང་ལ་ཡར་ཕེབས་སྐབས་སྐུ་གཤེགས།  གོང་མའི་བཀའ་ལྟར། ཆོས་རྗེ་བསོད་ནམས་ཤེས་རབ་དང་སེང་གེ་བཟང་བོ་གཉིས་ཀྱིས་ལྷ་ཁང་བཞེངས་ནས་སྐུ་གདུང་བཞུགས་སུ་གསོལ།

བོད་ཀྱི་རྒན་དར་གཞོན་གསུམ་ཁྲོད་ན་ཁོང་ཤེས་མཁན་ཉུང་མོད། སེ་ར་དགོན་པ་མི་ཤེས་པ་ཞིག་ཕལ་ཆེར་མེད་པའི་ཚོད་ཡིན།ལྷག་པར་མདོ་སྨད་ཀྱི་ཡུལ་འདིར་ཁོང་གི་སྐུ་གདུང་བཞུགས་པའི་ཚུལ་ནི་མང་བོ་ཞིག་ལ་ཆ་རྒྱུས་ཅི་ཡང་མེད། དེ་རིང་བདག་ཆེད་དུ་དགོན་འདིར་འགྲོ་བ་ནི་ཆ་རྒྱུས་མེད་པའི་གནས་འགངས་ཆེན་དེར་ཆ་རྒྱུས་ཤིག་ལོན་པའི་ཆེད་དུ་ཡིན། 

སྐབས་འདིར། ང་ཚོ་སླེབས་སོང་། ཞེས་རྙེ་རིན་པོ་ཆེས་དེ་སྐད་གསུངས་བྱུང་། 

རེད། གནའ་བོའི་གྱང་ཆེན་རྙིང་བ་ཞིག་གི་མདུན་དུ་དེང་རབས་ཀྱི་ཨར་འདམ་གྱིས་བཟོས་པའི་སྒོ་ཆེན་ཞིག་མཐོང་ཞིང་དེའི་སྟེང་དུ་རྒྱ་ཡིག་གི་ཧོང་ཧྭ་ཟི་ཞེས་ཡི་གེ་ཆེན་པོ་འགའ་བྲིས་འདུག རེད།ངེད་ཅག་མཛོ་མོ་མཁར་དུ་སླེབས།

དགོན་འདིའི་མིང་ལ་རྒྱ་སྐད་དུ་ཧུང་ཧྭ་ཟི་དང་བོད་སྐད་དུ་མཛོ་མོ་མཁར་ཟེར་ཞེས་མདོ་སྨད་ཆོས་འབྱུང་དུ་བྲིས་འདུག ཧོང་ཧྭ་ཞེས་པ་ནི་ཙོང་ཀའི་ཧོང་ཧྭ་ཚོ་བའི་(宗喀地区弘化族)མིང་ཡིན་ལ་རྒྱ་ཡིག་ཏུ་འབྲི་སྟངས་མི་འདྲ་བ་དུ་མ་ཡོད། འོན་ཀྱང་དགེ་བཤེས་གྲགས་པ་རྒྱ་མཚོའི་ཞྭ་དམར་རྣམ་ཐར་དུ་དགོན་པ་འདིའི་བོད་མིང་ལ་མཛོ་མོ་མཁར་ནོར་བུ་རབ་བརྟན་གླིང་ངམ་རྒྱའི་སྐད་དུ་བཧུང་བཧྭའ་ཟི་སྟེ་གུར་གུམ་གླིང་ཟེར།

ཆིན་རྒྱལ་རབས་ཀྱི་ཡིག་ཚང་ལས། དགོན་པ་འདིའི་མིང་ལ་རྒྱ་ཡིག་གི་འབྲི་སྟངས་洪化、宏化、鸿化及红化སོགས་ཡོད་ཅིང་དགོན་འདི་ནི་གནའ་བོའི་ཐང་བོད་ལམ་ཁའི་འབུམ་གླིང་དགོན་དང་གྲོ་ཚང་རྡོ་རྗེ་འཆང་ལ་འགྲོ་བའི་ལམ་ཁར་ཡོད། ཧོང་ཧྭ་ཚོ་བ་ནི་ཟི་ན་ཚོ་བའི་བྱེ་བྲག་པ་ཞིག་ཡིན།

འདིའི་ལོ་རྒྱུས་མདོ་སྨད་ཆོས་འབྱུང་དུ་ཅུང་རྒྱས་པས་འདིར་འགོད་པར་བྱ་སྟེ། བྱམས་ཆེན་ཆོས་རྗེ་རྒྱ་ནག་ཏུ་བྱོན་པའི་ལམ་དུ་གནས་འདིར་ཕེབས་ཏེ་འདིར་དགོན་པ་བཏབ་ན་ལེགས་ཞེས་ལུང་བསྟན།རྒྱ་ནག་ཏུ་ཞིང་འཕོས་པའི་སྐུ་གདུང་ཡར་གདན་དྲངས་སྐབས། འདིར་ཤིང་རྟ་འདམ་དུ་ཟུག་པ་བཞིན་འགྲོར་མ་ཉན་པས་སྔར་གྱི་གསུང་དྲན་ཏེ་ཡུང་ལོ་རྒྱལ་བོས་མཁར་བརྩིགས། གསེར་གདུང་སོགས་རྟེན་མང་བོ་བཞེངས།

 བུ་ཆེན་སེང་གེ་བཟང་བོ་གདན་སར་བཞག་ཅེས་གྲགས། རྒྱལ་བ་བསོད་ནམས་རྒྱ་མཚོ་གནས་འདིས་ཕེབས། དབང་ཆོས་རབ་བྱུང་བསྙེན་རྫོགས་མང་དུ་གནང་། རྗེ་ཡོན་ཏན་རྒྱ་མཚོ་སོག་ཡུལ་དུ་འཁྲུངས་པའི་གཏམ་སྙན་ཐོག་མར་འབུལ་མཁན་གྱི་གྲས་ནང་སོ་མཛོ་མོ་མཁར་བའང་འདི་ནས་ཡིན་ཞེས་བཤད།དེ་དུས་གནས་འདི་བྱིན་གྱིས་བརླབས་ནས་བུ་ཆེན་ཤཱཀྱ་ཚུལ་ཁྲིམས་ཀྱིས་དམ་ཆོས་ཐར་གླིང་བཏབ།

ས་སྐྱ་བ་བསོད་ནམས་ཡེ་ཤེས་ཀྱིས་རྒྱུད་སྡེ་བཞིའི་གྲྭ་བཙུགས་ཟེར་བ་ནི་སྐལ་ལྡན་གྱིས། བྱམས་ཆེན་རྗེ་དང་། དུང་རིའི་བུས་མཛོ་མོ་མཁར་དུ་ལྷ་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས་གསུངས་པ་དང་མཐུན་ནམ་སྙམ་ལ། ཆོས་རྗེ་པ་དགུང་ལོ་གྱ་གཉིས་བཞེས་པ་ཤིང་ཡོས་ཟླ་བ་བཅུ་བའི་ཉེར་བཞིའི་ཉིན་འདས་པའི་སྐུ་གདུང་མཆོད་རྟེན་རྒྱལ་བོའི་བཀའ་ལྟར་ཆོས་རྗེ་བསོད་ནམས་ཤེས་རབ། ཆོས་རྗེ་སེང་གེ་བཟང་བོ་གཉིས་ཀྱིས་མཛོ་མོ་མཁར་དུ་གདན་དྲངས་ནས་གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་བསྐྲུན་ཏེ་བཞུགས་སུ་གསོལ། དེ་ལ་བརྟེན་ནས་དགེ་འདུན་གྱི་སྡེ་ཡང་ཆགས་ཏེ་ད་ལྟ་མ་ཉམས་པར་ཡོང་གསུངས།ཞེས་གསལ།

དགོན་པ་འདིའི་མཁར་གྱི་ཤར་དུ་གྲྭ་ཤག་དང་རྒྱབ་ཕྱོགས་སུ་མཛོ་མོ་མཁར་ཡོད། མཁར་གྱི་ལྷོ་ཕྱོགས་ཀྱི་ཁྲོམ་ར་རུ་ཚོང་ཁང་དང་། གཏའ་མ་ཁང་། ཆུ་འཁོར་རང་འཐག་སོགས་ཡོད་ལ། མཁར་གྱི་ནང་རོལ་ཏུ་རྡོ་རྗེ་ལྷ་ཁང་དང་། ཡུང་ལོའི་ཕོ་བྲང་།ཁྱམས་རིང་། སྐུ་གདུང་མཆོད་རྟེན། འདུ་ཁང་སྒོ་ཆེན། འཆད་ཉན་ཁང་བཅས་མཆིས་སོ།། དགོན་པར་ཤར་གྱི་བྱེ་མའི་ལུང་བ་ནས་ལྷོ་ཕྱོགས་ཕྱག་རྡོར་ཐང་གི་བར། ནུབ་ཀྱི་བྲག་ནག་ནས་བྱང་གི་རི་བོ་མེ་ཏི་ཚུན་ཆད། ཀྲོན་ཏའོ་ཡུལ་ཚོ་དང་། ཡུང་ཆིང་རྫོང་གི་ཁུང་ཅ་དགོན་སོགས་ལྷ་འབངས་སུ་འདུ། འོན་ཀྱང་དགོན་འདི་ལ་ཆག་འཇིག་འགའ་བྱུང་མྱོང་སྟེ། ཧོས་འཁྲུག་དུས་བྱམས་ཆེན་ཆོས་རྗེའི་གདུང་རྟེན་ལ་མེ་སྐྱོན་བྱུང་ཞིང་། རྗེས་སུ་ལོ་ཡེ་གྲགས་པ་དར་རྒྱས་ཀྱིས་གདུང་རུས་རྙེད་པར་གཅེས་སྤྲས་ཆེན་པོ་བྱས་ཀྱང་སྐུ་གདུང་བཞེངས་མ་ཐུབ་པས་མཁན་སྤྲུལ་འཇིགས་མེད་རབ་བརྟན་གྱིས་རོགས་རམ་གནང་སྟེ་བཞེངས་གྲུབ། འོན་ཀྱང་གཟུངས་འཇུག་འབུལ་མ་ཐུབ་པ་ལ་ཞྭ་དམར་ཚང་དགེ་འདུན་བསྟན་འཛིན་གྱི་སྐབས་སུ་མཁན་པོ་ཚང་སོགས་ཀྱིས་གཟུངས་འཇུག་ཕུལ་བར་ཞྭ་དམར་ཚང་གིས་རབ་གནས་ཞེས་རྗེ་དེ་ཉིད་ཀྱི་རྣམ་ཐར་དུ་བྱུང་།

སྔོན་ཆད་འདི་ལ་གྲྭ་བ་ལྔ་བརྒྱ་ཉེ་བར་བྱུང་མྱོང་མོད། ༡༥༨གྱི་སྔོན་ལ་གྲྭ་བ༡༨ལས་མེད་སྐད།དེ་ནི་ས་ཆ་འདིའི་ལྷ་སྡེའི་དད་པ་དང་འབྲེལ་ཡོད།རིག་གསར་སྐབས་ཡང་བསྐྱར་གཏོར་བཅོམ་བྱས།

བསྟན་པ་ཡང་དར་སྐབས་སླར་ཡང་ཆོས་སྒོ་ཕྱེས་ཤིང་གྲྭ་བའང་ལྔ་དྲུག་ཙམ་ཡོད།ད་ལྟ་གནས་འདིར་ལྷ་ཁང་ཆུང་ངུ་ཞིག་བཞེངས་ཡོད།འོན་ཀྱང་སྔོན་གྱི་འདུ་ཁང་གི་ཀ་རྡོ་གང་སར་མ་སྒུལ་བ་ཡོད་པ་ལ་བལྟས་ན་འདུ་ཁང་དེ་ནི་སྔོན་གྱི་ཤུལ་དུ་བཞེངས་པའི་མིང་ཙམ་གྱི་འདུ་ཁང་ཞིག་ཡིན་པ་ཤེས་ཐུབ། འདུ་ཁང་དུ་བྱམས་ཆེན་ཆོས་རྗེའི་སྐུ་གདུང་མཆོད་རྟེན་བཞུགས་ཤིང་གདོང་གྲལ་དུ་བྱམས་ཆེན་ཆོས་རྗེའི་སྐུ་འདྲ་ཆེན་པོ་ཞིག་བཞེངས་འདུག ད་དུང་ཁྱམས་རིང་། ཤར་ནུབ་གྱི་ལྷ་ཁང་། བྱང་ཆུབ་མཆོད་རྟེན་བཅས་ཉམས་གསོ་གནང་།

ང་ཚོ་མཇལ་སྐོར་དེ་ཙམ་གྱིས་མཇུག་བསྡུས་ནས་མཛོ་མོ་མཁར་ལས་ཕྱིར་བུད་དེ། ངེད་ཅག་གིས་མཛོ་མོ་མཁར་ལ་རེ་ཞིག་བདེ་མོ་བཞག་ནས་ཁ་ཏི་ཀ་བ་ལ་འགྲོ་བའི་ལམ་དུ་སྙེག དེ་ན་རྗེ་ཙོང་ཁ་བས་བཞེངས་པའི་ཐང་ག་བྱིན་ཆེན་ཞིག་བཞུགས་ཤིང་ད་ལྟ་དེ་ནི་རྗེ་རིན་པོ་ཆེ་ས་འདིར་བཞུགས་པ་དང་མཚུངས།



2014
ལོར་ལྟ་སྐོར་དུ་འགྲོ་ཞོར་དུ་ཟིན་བྲིས་སུ་བཏབ།
2016
ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་མང་རའི་དགོན་ཆེན་དུ་བཅོས།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།