བརྒྱད་སྟོང་བའི་བཤད་ལུང་ལས་འཕྲོས་པའི་གཏམ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-07 07:17:45     རྩོམ་པ་པོ།   འཆིང་གྲོལ་གྱིས་ཡི་གེར་བཏབ།    ཀློག་ཐེངས།  

 039.jpg

 

ཨ་ཁུའི་ཞལ་ནས།  “བདག་གིས་རྗེ་དགེ་འདུན་བདེ་གཤེགས་ཆེ་བ་ཚང་སྟེ། ཨ་ལགས་རིན་པོ་ཆེའི་མཆོད་དཔོན་ལ་ལོ་ལྔ་ལྷག་བཞུགས་མྱོང་བ་དེའི་ཞལ་སྔ་ནས་ཐེངས་ཤིག་བཀའ་ཆོས་རྫོགས་མཚམས་ཤིག་ལ།  ཁྱེད་ལ་བརྒྱད་སྟོང་བའི་བཤད་ལུང་གི་རྒྱུན་བཞུགས་སམ་ཞེས་དྲིས་པར། ཁོང་གིས་དེ་ཡོད་པ་མ་རེད།  ད་ལྟ་རྒྱུན་ཆད་ཟིན་པ་འདྲ།  སྔོན་ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་དང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེ་རྣམ་གཉིས་གྲྭ་ས་ན་བཞུགས་དུས། རྣམ་པ་གཉིས་ཀྱི་དབང་བཀའ་ཆོས་ཀྱི་བླ་མ་ཁ་ཁ་ཡིན་བཟོ་འདུག  །ཀུན་མཁྱེན་གཉིས་པའི་བླ་མ་གཙོ་བོ་ཕུར་བུ་ལྕོག་བྱམས་པ་རིན་པོ་ཆེ་དང་།  བསྟན་པའི་སྒྲོན་མེའི་དབང་བཀའ་ཆོས་ཀྱི་བླ་མ་གཙོ་བོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཡིན་འདུག  །ཐེངས་ཤིག་བསྟན་པའི་སྒྲོན་མེ་མཆོག་ཀུན་མཁྱེན་གཉིས་པའི་སྐུ་མདུན་དུ་བཅར་བར།  ཀུན་མཁྱེན་གཉིས་པའི་ཞལ་ནས།  ད་མི་འགྱངས་པར་བདག་མདོ་སྨད་དུ་ཕེབས་རྒྱུ་ཡིན།  ཁྱོད་ད་དུང་ལོ་རེ་འགར་འདུག་དགོས་རྒྱུ་རེད། དེས་ན་ཁྱོད་ལ་དོན་དག་གལ་ཆེན་གཅིག་ཡོད་པ་ནི། ཁྱོད་ཀྱི་བླ་མར་བརྒྱད་སྟོང་བའི་བཤད་ལུང་གི་རྒྱུན་བཞུགས་པས།  དེ་ངེས་པར་ཞུ་ཐབས་གྱིས་ལ་སླད་མར་བཀྲ་ཤིས་འཁྱིལ་བ་རུ་ངེས་པར་དེའི་རྒྱུན་སྤེལ་དགོས་པ་སེམས་ལ་ཞོགས་ཞེས་གསུངས། 

རྗེས་སུ་བསྟན་པའི་སྒྲོན་མེ་མཆོག་གི་ཞལ་སྔ་ནས་དེ་བཞིན་ཡོངས་སུ་གྲུབ་པར་བྱས་ཏེ།  བཀྲ་ཤིས་འཁྱིལ་བ་ནས་བརྒྱད་སྟོང་བའི་བཤད་ལུང་ཤིན་ཏུ་རྒྱས་པ་ཞིག་གནང་ཞེས་ཀུན་ལ་གྲགས།  ཁོང་གི་སློབ་མ་དབལ་མང་པཎྚི་ཏ་རེད། དེའི་སློབ་མ་རྗེ་བཙུན་ཤེས་རབ་རྒྱ་མཚོ་རེད་མོད། བར་དེ་ནས་བཤད་ལུང་གི་རྒྱུན་དེ་ཆད་འདུག  ད་ཡོད་པ་མ་རེད་ཅེས་ཕྱག་གཡུག་གཡུག་མཛད་སོང་གསུངས། 

དེ་ནས་ལོ་འགའ་ཞིག་གི་འཕྲོར།  བདག་ཐར་ཤུལ་དགོན་པ་ན་ཡོད་དུས།  ཉིན་ཞིག་ཁོང་རིན་པོ་ཆེའི་(ལ་མོའི་ཡོངས་འཛིན་རྡོ་རྗེ་འཆང་།)སྐུ་མདུན་དུ་སོང་བར། ཁོང་ཁྱམས་ར་ན་ཉི་མར་ལྡེ་ནས་བཞུགས་འདུག  །བདག་གཟིགས་མ་ཐག་ཡར་ཤོག་གི་བརྡ་མཛད་སོང་བས་སྐུ་མདུན་དུ་བསྡད་པ་ཡིན།  དེ་ནས་ཡུད་ཙམ་ལ་ཡར་མར་གྱི་ཞལ་བརྡ་གནང་སྟེ་མཚམས་ཤིག་ལ་བདག་གིས།  དེང་སང་བརྒྱད་སྟོང་བའི་བཤད་ལུང་གི་རྒྱུན་མི་བཞུགས་པ་ཨེ་རེད་ལགས།  ཞེས་ཞུས་པར།  ཁོང་ཅུང་བཞད་མོ་དང་བཅས།  འོ། དེ་ད་ང་ལ་ཡོད་ནི་རེད་ཡ། གསུངས།  བདག་གིས་ཁོང་རིན་པོ་ཆེས་ཀུ་རེ་གནང་བ་ཡིན་ནམ་སྙམ་མུར།  ཁོང་རིན་པོ་ཆེའི་ཞལ་སྔ་ནས་དེའི་རྒྱུ་མཚན་གསུངས་སོང་། 

བདག་བཀྲ་ཤིས་འཁྱིལ་ན་བཞུགས་དུས་ཀྱི་ལོ་ཞིག་ལ། ཐེངས་ཤིག་ཨ་ལགས་རིན་པོ་ཆེའི་(ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་།)སྐུ་མདུན་དུ་བཅར་བར། ཁོང་གི་ཞལ་ནས།  ད་ལོའི་དབྱར་ཁར་བདག་ཆི་བི་ཤིས་དགོན་པར་བུད་འགྲོ། ཡུད་ཙམ་ལ་ཕྱིར་མི་ཡོང་།  དབང་བཀའ་ཆོས་ཀྱང་མང་བོ་མེད།  རང་གིས་ཤུལ་ནས་དཔེ་ཆར་ཡག་པོ་ལྟོས་ལ་སྡོད། ཅེས་གསུངས་ནས་ཕེབས་སོང་། 

དབྱར་ཁ་དེའི་ཉིན་ཞིག   བདག་ཀུན་མཁྱེན་ཡོངས་འཛིན་དངུལ་རྭའི་གྲགས་པ་ཚང་གི་མདུན་དུ་སོང་ནས།  ཁྱེད་ལ་བརྒྱད་སྟོང་བའི་བཤད་ལུང་གི་རྒྱུན་ཨེ་བཞུགས་ལགས་ཞེས་ཞུས་པར། བཞུགས་པའི་རྒྱུ་མཚན་འདི་ལྟར་གསུངས་སོང་།  ལོ་ཞིག་ཀུན་མཁྱེན་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་གི་ཞལ་སྔ་ནས་ང་རང་སྐུ་མདུན་དུ་བོས་སོང་།  སོང་བར་ཁོང་གི་ཞལ་ནས། ད་ལོ་ང་རང་ལྷ་སར་འགྲོ་རྒྱུ་ཡིན།  ཁྱོད་ཀྱང་མཉམ་དུ་ཕེབས་ན་ཇི་འདྲ་ཞེས་བཀའ་བསྩལ་སོང་།  ལགས་སོ་ཞེས་ཞུས་ཏེ་ཕྱིར་ཡོང་ནས་འདང་ཞིག་བརྒྱབ་པར།  གང་ཅིའི་གོ་སྐབས་ཤིན་ཏུ་ཡག་པོ་འདུག་པས་སེམས་ཐག་བཅད་དེ།  ཁོང་རིན་པོ་ཆེའི་འཁོར་ཚོགས་དང་ལྷན་ཅིག་ལྷ་སར་སོང་བ་ཡིན།  ལྷ་སར་འབྱོར་ཏེ་ཉིན་འགའ་སོང་མཚམས་ནས་ཀུན་མཁྱེན་མཆོག་གིས་ངོ་ཤེས་ཡིན་མིན་མང་བོར་བྲེ་བོ་བཀའ་འགྱུར་བ་ཞུ་བ་ཞིག་ད་ལྟ་གང་དུ་བཞུགས་མིན་རྩད་གཅོད་ཀྱིན་འདུག  །ལ་ལས་མི་ཤེས་ཟེར་གྱིན་འདུག   །ལ་ལས་ཤེས་ཀྱང་ད་ལྟ་གང་ན་བཞུགས་མིན་མི་ཤེས་ཟེར་གྱིན་འདུག  །གཅིག་གིས་ད་ཆར་ལྷ་སའི་གྲོང་གི་མི་ཁྱིམ་ཞིག་ཏུ་བཞུགས་འདུག་ཅེས་བཤད་སོང་། 

དེ་ནས་ཉིན་ཞིག་ཀུན་མཁྱེན་མཆོག་གིས་ང་རང་བོས་ཏེ།  དེ་རིང་འུ་གཉིས་ལྷ་སར་འགྲོ་གསུངས། ཡ་ལགས་ཞེས་ཁོང་དང་མཉམ་དུ་ངེད་གཉིས་གཅིག་པུར་ལྷ་སར་སོང་བ་ཡིན།  དེར་ཇོ་མཇལ་ཞིག་བླངས་ཏེ་ཇོ་ཁང་ལ་བསྐོར་བ་འགའ་མཛད་རྗེས།  ཁོང་གིས་ཐུག་ཐུག་ཀུན་པོར་བྲེ་བོ་བཀའ་འགྱུར་བ་གང་དུ་བཞུགས་མིན་དྲིས་སོང་མོད་ཤེས་མཁན་གཅིག་ཀྱང་མི་འདུག  །

མཚམས་ཤིག་ལ་སྲང་ཀྱོག་ཅིག་ཏུ་མི་ཞིག་ལ་དྲིས་པར། དེས་གར་བཞུགས་གསལ་བོར་ཤེས་འདུག་པས་ངེད་གཉིས་ཁྲིད་དེ་ར་སྐོར་ནང་ལ་བསྐྱལ་སོང་།  ར་སྐོར་དུ་བུད་མེད་ལྔ་དྲུག་ཅིག་གིས་ལས་ཀ་ཞིག་བྱེད་བཞིན་འདུག །དེར་ཀུན་མཁྱེན་མཆོག་གིས་བྲེ་བོ་བཀའ་འགྱུར་བ་ཚང་འདིར་བཞུགས་སམ་ཞེས་དྲིས་པར། ཕ་གི་ན་བཞུགས་པ་རེད་ཅེས་ཁང་ལུ་ཆུང་ཆུང་ཞིག་བསྟན་སོང་།  དེར་འཛུལ་བ་ན་ཁོང་མལ་ཁྲི་ཞིག་ཏུ་བཞུགས་འདུག  ། དེར་ཀུན་མཁྱེན་མཆོག་དེེའི་མདུན་ཐད་ཀྱི་ཁ་གང་མ་ཞིག་ཏུ་བཞུགས་སོང་། ང་རང་ཐབ་ཀའི་མར་འགྲམ་དེར་འགྲེང་ནས་བསྡད་པ་ཡིན།  རྣམ་པ་གཉིས་ཀྱིས་ཞལ་བརྡ་མང་བོ་ཞིག་གནང་སོང་།

སྐབས་ཤིག་ལ་ཀུན་མཁྱེན་མཆོག་གིས་རུམ་ནས་ཁ་བཏགས་ཤིག་བླངས་ཏེ། ཁྱེད་ལ་བརྒྱད་སྟོང་བའི་བཤད་ལུང་བཞུགས་པ་དེ་ང་ལ་གནང་ན་ཨེ་ཆོག་ལགས། ཞེས་ཞུས་སོང་། དེར་བཀའ་འགྱུར་བས། དེ་ལོས་ཆོག་མོད།   ང་ལ་དགེ་བཤེས་རྒན་པ་གཞན་འགའ་རེས་ཀྱང་དེ་ཨེ་འདོན་ཞེས་ཡང་ཡང་བཤད་སོང་བས།  དེ་དག་ལ་བརྡ་འཕྲོད་དགོས་པ་ཡིན། ཐག་ཉེ་རིང་ཀུན་ན་ཡོད་པས་ཉིན་བདུན་ལ་སྒུག་སྟེ་དེ་ནས་འདོན་ཆོག་གསུངས།

དེ་ནས་ཕྱིར་འབྲས་སྤུངས་སུ་ཕེབས་ནས་བཞུགས་པ་ཡིན།  ཕྱི་དྲོ་ཞིག་ལ་ང་རང་བསྐོར་བར་འགྲོ་བཞིན་ཡོད།  སེམས་སུ་སང་ཉིན་བཀའ་ཆོས་གནང་བའི་དུས་ཚོད་རེད།  ཀུན་མཁྱེན་མཆོག་སྐུ་དངོས་སུ་བཀའ་ཆོས་ལ་ཕེབས་རྩིས་ཡིན་ནམ་སྙམ་པ་ཤར།  སྲོད་ཁར་ཀུན་མཁྱེན་མཆོག་གི་ཞལ་སྔ་ནས་འབོད་མི་མངགས་འདུག  །མདུན་དུ་བཅར་བར།  བཀའ་ཆོས་གནང་དུས་སང་ཉིན་ཡིན་ན་གསུངས། རེད་ལགས། ཞུས་པར།  སང་ཉིན་བཀའ་ཆོས་ལ་ཁྱོད་རང་སོངས། ཞེས་གསུངས་སོང་།  ཡ་ལགས་ཞེས་ཞུས་པ་ཡིན། དེ་ནས་ཁོང་གིས་ནང་འཁོར་རྣམས་ལ། སང་ཞོགས་ཁོ་རང་བཀའ་ཆོས་ལ་འགྲོ་དགོས་པས། ཁྱོད་ཅག་གིས་སྔ་མོར་ཞོགས་ཟས་གྲ་སྒྲིག་གྱིས་ཞེས་ཞལ་བཀོད་མཛད་སོང་། 

ཕྱི་ཉིན་ནས་ཉིན་རྒྱུན་ང་རང་ལྷ་སར་བཀའ་ཆོས་ལ་སོང་ནས་ཉིན་བདུན་རིང་བཤད་ལུང་རྫོགས་པར་ཐོབ་སོང་ཞེས་གསུངས། དེ་ལྟར་ཁོང་ལ་བཤད་ལུང་གི་རྒྱུན་བཞུགས་པ་མ་ཟད།  ཐུགས་དགྱེས་པའི་ངང་བཤད་ལུང་གནང་རྒྱུའི་ཞལ་ལན་ཡང་མཛད་སོང་།  སྐབས་དེར་ཁོང་གི་གྲྭ་ཤག་བཙུགས་ཤིང་གི་རྒྱབ་ལོགས་དེར་ཡོད་པ་རེད། དེ་ནས་དབུ་བཙུགས་ཏེ་ཉིན་འགའ་ལ་གནང་སོང་།  ངེད་ཅག་གྲྭ་བ་བཅུ་དྲུག་མ་གཏོགས་མི་འདུག  །ང་རང་ཆེས་ཆུང་བ་དེ་རེད།  གཞན་རྣམས་དགེ་བཤེས་རྒན་པ་དག་དག་རེད།  ཁོང་གིས་མཁྱེན་གསུམ་ལས་བརྩམས་པའི་རྟགས་གསལ་མང་བོ་བཏང་བར་དགེ་བཤེས་དེ་དག་གིས་ལན་སྐྱོན་བཞིན་འདུག  །དེ་ནས་ཉིན་འགར་གནང་སྟེ་ནོར་འཛིན་ཕོ་བྲང་དུ་ཤོག་གསུངས། དེ་ནས་ཉིན་འགར་གནང་སྟེ། བཀྲ་ཤིས་རབ་བརྟན་དུ་ཤོག་ཟེར།  དེ་ནས་ཀྱང་ཉིན་འགར་གནང་སྟེ་མཇུག་གྲུབ་པར་བྱས་སོང་གསུངས། ཡང་།  བཤད་ལུང་གི་རྒྱུན་ཡོད་མོད་དཔེ་ཆ་ལག་ལ་མི་ཡོང་བར་འདུག  །ཁམས་ལི་ཐང་ཕྱོགས་སུ་ཡོད་པ་རེད་ཅེས་གསུངས་སོང་།   དེ་ནས་བླ་བྲང་གི་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་དང་མཛོད་དགེའི་སྨན་པ་ཨ་ཁུ་བསྟན་ཁོ་སོགས་ཀྱིས་ཀྱང་དཔེ་ཆའི་བརྩད་གཅོད་རོགས་བྱས་ཏེ་ལོ་འགའ་འགོར་མོད་ཕྱག་ཏུ་མ་རེག  །

ཐེངས་ཤིག་ང་རང་ཁོང་ཡོངས་འཛིན་རྡོ་རྗེ་འཆང་གི་སྐུ་མདུན་དུ་སོང་ནས།  ད་ལོར་ང་རང་ལི་ཐང་ཕྱོགས་སུ་དཔེ་ཆ་དེ་བཙལ་འཚོལ་ལ་འགྲོ་རྩིས་ཡོད་པས།  རིན་པོ་ཆེ་ལགས་ཀྱིས་ཐུགས་སྨོན་སྐྱབས་འཇུག་གནང་རྒྱུ་མཁྱེན་ཞེས་ཞུས་པར། ཁོང་ཤིན་ཏུ་དགྱེས་ཏེ་གསུང་གི་དབུགས་དབྱུང་བླ་མེད་མཛད།  དེ་ནས་ལོ་གསར་བར་ང་རང་ལི་ཐང་ཕྱོགས་སུ་བརྒྱད་སྟོང་བ་མཆན་སྦྲགས་མ་དེ་འཚོལ་བར་ཕྱིན། 

ཉིན་ཉི་ཤུ་ལྷག་གི་རིང་ལ་ཐུག་ཐུག་དྲིས་དྲིས་ཀུན་པོས་མེད་དང་མི་ཤེས་ལས་ལན་གཞན་བྱིན་མ་སོང་།  ཉིན་ཉི་ཤུ་ལྷག་འགོར་མཚམས་ཁྱིམ་ཚང་རེ་འགར་ཡོད་ཚུལ་གྱི་གཏམ་རེ་ཐོས་རྒྱུ་འདུག  །རྗེས་སུ་རུ་སྐོར་གཅིག་གི་ཁྱིམ་ཚང་བདུན་ན་བརྒྱད་སྟོང་བ་མཆན་སྦྲགས་མ་ཚར་བདུན་བཞུགས་པའི་གཏམ་ཀྱང་གོ་སོང་། རྗེས་སུ་ལི་ཐང་སྐྱབས་མགོན་རིན་པོ་ཆེའི་མ་ཡུམ་དགུང་ན་ཤིན་ཏུ་མཐོ་བ་གང་དེའི་རོགས་མགོན་ལ་བརྟེན་ནས་དཔེ་ཆ་གཡར་རྒྱུ་ཡང་དག་པར་བྱུང་།  དེ་ནས་བདག་གིས་དཔེ་ཆ་རྩ་ཆེན་དེ་ཁུར་ནས་ཐར་ཤུལ་དགོན་པར་ཡོང་བ་ཡིན།

ཁོང་རིན་པོ་ཆེ་མཆོག་ཐུགས་དགྱེས་པའི་རྩེ་མོར་སོན།  ཞལ་ནས། ད་དཔེ་ཆ་རྙེད་སོང་བ་རེད།   ཁོམ་དུས་ཁོམ་དུས་ཁྱོད་འདིར་ཤོག་དང་ངས་ཁྱོད་ལ་འདོན་གསུངས།  དེར་བདག་གིས།  བརྒྱད་སྟོང་བའི་བཤད་ལུང་འདི་ཤིན་ཏུ་དཀོན་པོར་འདུག་པས་མི་མང་ཙམ་ལ་གནང་རོགས།  བླ་བྲང་གི་ཨ་ཁུ་བློ་བཟང་རྒྱ་མཚོས་ཀྱང་འདི་ནམ་ཡོད་ན་བརྡ་གཏོང་རོགས་ཟེར་བཞིན་འདུག་ཅེས་ཞུས་པར།  ཞལ་ནས།  དེས་ན་དེ་བྱེད། བདུན་པའི་བཅུ་བདུན་ལ་ཐོན་དུ་ཆུགས་ཞེས་ཤོད་ཅེས་གསུངས། 

དེ་ལྟར་བདུན་པའི་བཅུ་བདུན་ལ་བཀའ་ཆོས་པ་ཚང་མ་འཛོམས་པ་ན། ཁོང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བརྒྱད་སྟོང་བ་མཆན་སྦྲགས་མའི་བཤད་ལུང་ཤིན་ཏུ་རྩ་ཆེ་བ་དེ་ཉིད་ཉིན་བདུན་ལྷག་ལ་གནང་ནས་རྫོགས་པར་གྲུབ་བོ། ། ཞེས་གསུངས།

 འཆིང་གྲོལ་གྱིས་ཡི་གེར་བཏབ།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

བརྒྱུད་འགོད།