རྗེས་དྲན་ཆེད་བསྒྲིགས། དགེ་བའི་བཤེས་གཉེན་ལ་མོ་བློ་རྒྱམ་གྱི་རྗེས་དྲན་གསུང་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-11 22:32:22     རྩོམ་པ་པོ།   ལ་མོ་བློ་རྒྱམ།    ཀློག་ཐེངས།  

 微信图片_20170610202757.jpg

སྙིགས་དུས་ཀྱི་འདྲེན་པ་ཆེན་མོ་ཁོང་སྐུ་ཐོག་གཅིག་གིས་ལ་མོ་སྐུ་ཕྲེང་གཉིས་ཀྱི་ཡོངས་འཛིན་མཛད་ཚུལ་དང་། ལ་མོའི་གདན་ས་ཀུན་ལ་བཀའ་དྲིན་བླ་ན་མེད་ཚུལ་ལས་བརྩམས་ཏེ་གསུང་བཤད་གནང་བ།

 微信图片_20170610202809.jpg

ལ་མོ་བློ་རྒྱམ་མཆོག

འོ་ལེགས་སོ། །དེ་ཡང་༸ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་བླ་ན་མ་མཆིས་པ། བསྐལ་ཆེན་གྲངས་མེད་དུ་མར་ཡང་ཡང་གོམས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་ས་བོན་གྲུང་བོ་དུས་སུ་སྨིན་པ་ལས། ཕྱོགས་བཞི་མཚམས་བརྒྱད་ན་འཁོད་པའི་རིས་སུ་མ་ཆད་པའི་སྐྱེ་འགྲོའི་གཙུག་གི་ནོར་བུའི་ཁྲི་འཕང་མཐོ་པོར། སྟོང་ཉིད་སྙིང་རྗེ་སྙིང་བོ་ཅན་གྱི་བཀའི་འཁོར་ལོས་མངའ་བསྒྱུར་པའི་ཆོས་ཀྱི་རྒྱལ་བོ་ཆེན་པོ། འཛམ་གླིང་མཁས་པ་མ་ལུས་པའི་དབུ་སྐྱེའི་ཐོར་ཅོག་གི་རྩེ་ན་མངོན་པར་གསལ་ཞིང་། མཚན་སྙན་གྱི་དྲི་བསུང་མངར་མོ་གཟུར་གནས་གཏམ་བཟང་རླུང་གིས་ཉེ་བར་བསྐྱོད་པས། གསེར་ལྡན་འཛིན་མ་གར་ཁྱབ་དུ་ཁྱབ་པར་མཛད་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ༸ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་ཆེན་པོ་༸རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོའི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་འཁོར་བའི་རྗེས་དྲན་གྱི་མཛད་སྒོར་ཕེབས་པའི། བླ་སྤྲུལ་དགེ་བཤེས་གཙོ་བའི་སྐུ་མགྲོན་རྣམས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

སྐབས་འདིའི་མཛད་རིམ་གོ་སྒྲིག་ཚོགས་ཆུང་གི་གོ་བསྒྲིགས་ལྟར། ༸ཁོང་རྡོ་རྗེ་འཆང་སྐུ་ཐོག་གཅིག་གིས་ལ་མོ་སྐུ་ཕྲེང་གཉིས་ཀྱི་ཡོངས་འཛིན་མཛད་ཚུལ་དང་། ༸ལ་མོ་གོང་ས་སྐུ་ཕྲེང་གསུམ་ལ་དངོས་སུ་འབྲེལ་བའི་སྒོ་ནས་༸ལ་མོ་གདན་ས་ཀུན་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ཞེས་པའི་རྗོད་གཞི་ཐོག་ཅུང་ཟད་འཆད་པའི་དབང་དུ་བཏང་ན། དེ་ཡང་ཇི་སྐད་དུ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། ཁྱོད་ཀྱི་ཡོན་ཏན་ཆུ་གཏེར་ལས། །སྐྲ་རྩེས་བཟུང་བའི་ཐིགས་པ་ལྟར། །བསྔགས་པའི་འདབ་བརྒྱ་དགོད་པ་འདི། །ཚད་མའི་ཉིན་བྱེད་འོད་ཀྱིས་ཕྱེ། །ཞེས་གསུངས་པ་ལྟར་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་ཁོང་ཨ་ལག་རྡོ་རྗེ་འཆང་གི་གསང་གསུམ་རྨད་དུ་བྱུང་བའི་ཡོན་ཏན་ཆུ་གཏེར་ཆེན་པོ་ལས། སྐྲ་ཉག་མ་གཅིག་གི་རྩེ་མོས་ཆུ་ཐིགས་ཙམ་བླངས་ཏེ། ངག་ཁྲོལ་ལ་མ་ཁྲོལ་བའི་ངང་ནས་ཅུང་ཟད་རྗོད་ན། ཇི་སྐད་དུ། མཉམ་མེད་ཤཀྱཱའི་རྒྱལ་བོ་དེ་ཉིད་ཀྱི་ཞལ་ནས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་སུ་འཛིན། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་མ་འོངས་པ་ན་ལྔ་བརྒྱ་ཐ་མ་ཞེས་བྱ་བ་བསྟན་པ་ཉམ་དམའ་ཞིང་སྙིགས་མ་ལྔ་ལྷག་པར་བདོ་བའི་དུས་ཤིག་འབྱུང་ལ། དེའི་ཚེ་གདུལ་བྱ་རྣམས་བསོད་ནམས་ཤིན་ཏུ་དམན་པས་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་བོ་བརྒྱད་ཅུས་སྤྲོས་པའི་སངས་རྒྱས་དངོས་ཀྱི་གཟུགས་སུ་བསྟན་ན་མཐོང་བར་མི་འགྱུར། དེའི་ཕྱིར་དེ་དུས་སྟོན་པ་ང་ཉིད་དགེ་བའི་བཤེས་གཉེན་ནམ་སློབ་དཔོན་གྱི་གཟུགས་ཀྱི་རྣམ་པར་བྱོན་ནས་ཆོས་སྟོན་ལ། དགེ་བའི་བཤེས་གཉེན་གྱི་རྣམ་པར་བསྟན་ཏེ། དམ་ཆོས་སྟོན་པ་པོ་དེ་རྒྱལ་བ་རྡོ་རྗེ་འཆང་ང་ཡིན་སྙམ་དུ་ཤེས་པར་བྱོས་ལ། ཉོན་མོངས་ཀྱི་ནད་བརྒྱ་དྲུང་ནས་འབྱིན་པའི་དམ་པའི་ཆོས་ཀྱི་བདུད་རྕི་མཉན་པའི་ཆེད་དུ་གུས་པ་སྐྱེད་ཅིག ཅེས་གསུངས་པ་ལྟར། རང་ཅག་བཙན་པོའི་གདུང་རྒྱུད་དུ་གཏོགས་པའི་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ལུང་རྟོགས་བསྟན་པའི་གསལ་བྱེད། དུས་གསུམ་རྒྱལ་བ་ཀུན་གྱི་གདུང་ཚོབ། འདི་ཕྱིའི་ལེགས་ཚོགས་ཀུན་གྱི་རྩ་བ། བླང་དོར་གྱི་གནས་ལ་རྨོངས་པ་རྣམས་ཀྱི་དམིགས་བུ། ཉེས་སྤྱོད་ཆེན་པོའི་གཡང་ས་ལས་སྐྱོབ་པའི་སངས་རྒྱས། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ལ་མོའི་༸གོང་ས་སྐུ་ཕྲེང་རིམ་བརྒྱུད་རྣམས་ཀྱི་ཡོངས་འཛིན། རང་ཅག་རྣམས་དང་སྐལ་བ་མཉམ་པར་སྐུའི་རྣམ་པ་རྡོ་རྗེའི་སློབ་དཔོན་གྱི་གཟུགས་སུ་བསྟན་པ་ཙམ་ལས། ངོ་བོའི་ཆ་ནས་མཁས་པ་རྣམས་ཞལ་མཐུན་པ་ལྟར་འཕགས་མཆོག་སྤྱན་རས་གཟིགས་སུ་གོར་མ་ཆག་པ་ཞིག་གོ། །   

འོན་ཀྱང་། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང་མུ་མཐའ་མེད་པའི་འགྲོ་བའི་དོན་དུ་དམ་པའི་སྐྱེ་ཕྲེང་ཚར་དུ་དངར་བ་ཆུ་ཟླ་དང་གཟུགས་བརྙན་བཞིན་སྟོན་པ་དམ་པའི་སྤྱོད་པ་དང་མཐུན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་བེེཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་བོའི་སྐུ་ཡི་གཟུགས་བརྙན་སྣང་། །ཞེས་དང་། མངོན་རྟོགས་རྒྱན་ལས། རིགས་དང་རུས་དང་ཆོ་འབྲང་དང་། ། ཞེས་སོགས་གསུངས་པ་ལྟར་ཡུལ་དུས་ཡབ་ཡུམ་དང་། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་མཐའ་དག་གཟིགས་ཤིང་བརྟགས་ཏེ། འབྱུང་འཇུག་གནས་གསུམ་ཤེས་པའི་སྒོ་ནས་ལྷུམས་སུ་ཞུགས་པར་མངོན་ཏེ། ༸ལ་མོ་གོང་ས་བདུན་པ་མཆོག་སྤྲུལ་རིན་པོ་ཆེ་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་བོའི་ཡོངས་འཛིན་གཞུང་བརྒྱ་སྨྲ་བའི་ཁྱུ་རྒྱན་༸རྗེ་ཤེས་རབ་རྒྱ་མཚོའམ་མཚན་གཞན་བློ་བཟང་ཤེས་རབ་སྐུ་འདའ་ཁའི་སྐབས་ཤིག་ཏུ། ལྡོང་སངས་ཀོ་ཚང་གི་ཁྱིམ་ལ་ཕེབས་ཏེ། དཀར་ཡོལ་འབྲུག་རིས་མ་ཞིག་གི་ནང་བཟང་བོ་བཅུད་ཀྱིས་བཀང་སྟེ། ཨ་མ་སྒྲོལ་རིས་ལ་གནང་ཞིང་ཞལ་ཏ་མང་དུ་བསྩལ། ཕྱིས་ཁྱིམ་དེར་འཁྲུངས་འདུག་པས། སློབ་དཔོན་དབྱིག་གཉེན་གྱི་མཛོད་ལས། གཅིག་ནི་ཤེས་བཞིན་དུ་འཇུག་གོ། །གཞན་ནི་གནས་པ་ཡང་གཞན་ནི། །འབྱུང་བའང་གཞན་ནི་ཐམས་ཅད་རྨོངས། །ཞེས་གསུངས་པ་ལྟར་འབྱུང་འཇུག་གནས་གསུམ་མཁྱེན་པའི་སྒོ་ནས་ལྷུམས་སུ་ཞུགས་པ་ལས། རྨོངས་ཚོད་དང་གྱ་ཚོམ་གྱིས་ཞུགས་པ་མ་ཡིན་པ་རང་རེས་ཀྱང་རྟོགས་སླའོ། ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཚུལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཚུལ་ནི། སྐྱེས་རབ་ལས། བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །ཁྱིམ་ན་གནས་པ་ནད་དུ་ཆེ། །གཅིག་ནི་སྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བའི་ཤ་ཐང་ངོ་། །ཞེས་པའི་དོན་ལྟར་ཁོང་གིས། ལན་གྲངས་དུ་མར། ང་ཁྱིམ་འདིར་མི་འདུག ང་འགྲོ་རྒྱུ་ཡིན་སོགས་གསུངས་པ་ནི་མཁས་གྲུབ་བསྟན་པའི་ཉིན་བྱེད་ཀྱིས། ཁྱོད་སྐུའི་ཉིན་བྱེད་ཡུམ་གྱི་ཆུ་འཛིན་ལས། །གསལ་བར་བྱོན་ཚེ་སྲིད་པའི་ཕུན་ཚོགས་ལ། །ཀུན་ནས་སྲེད་པའི་གློག་གི་རོལ་རྩེད་དང་། །ནམ་ཡང་འགྲོགས་པ་སྤངས་ལ་གསོལ་བ་འདེབས། །གསུངས་པ་ལྟར་ཕལ་བ་ཚོས་ཡིད་སྨོན་ཙམ་ཡང་མི་ནུས་པའི་བྱ་དཀའ་བའི་སྐྱེས་བུ་ཆེན་པོའི་རྣམ་ཐར་ཡིན་པས་ཤོག་བྱང་གཅིག་གཉིས་ཤིག་གིས་ག་ལ་ལང་། ཁོང་དགུང་ལོ་དྲུག་བཞེས་པ་ཆུ་མོ་གླང་སྟེ་སྤྱི་ལོ་༡༩༡༣ལོར། དགོན་གསར་དགེ་ལྡན་བཤད་སྒྲུབ་དར་རྒྱས་རྣམ་པར་རྒྱལ་བའི་གླིང་དུ། ཐོག་མར་ཕེབས་སྐྱེལ་སྐབས་སུ། དགོན་དེའི་འདུ་ཁང་། བྱམས་ཁང་། དེ་ལས་གཞན་པའི་ལྷ་ཁང་། གྲྭ་ཤག་སོ་སོ་དང་། བར་སྣང་དང་ཉེ་འཁོར་གྱི་རི་ར་བ་ཁང་ཁྱིམ། ཐ་ན་ཕྱུག་ཟོག་ཚུན་ཆད་གང་སྣང་བ་ཐམས་ཅད་ལ་འཇའ་ཚོན་སྣ་ལྔས་ཁྱབ་པ་ཞིག་བྱུང་ཚུལ། ཀུན་མཁྱེན་བླ་མའི་གསང་རྣམ་ལས། ཞི་དུལ་མཛེས་མའི་མངལ་རྒྱ་གྲོལ་མ་ཐག །འཇའ་ཚོན་སྣ་ལྔའི་འོད་གོར་ཡང་ཡང་གཟིགས། །དེ་ནི་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་ལ། །སྐུ་ཚེ་དུ་མར་འདྲིས་པའི་ལག་རྗེས་གསུངས། །ཞེས་གསུངས་པ་དང་སྒོ་ཀུན་ནས་མཚུངས་པར་བདག་གི་དགེ་རྒན་དམ་པ་རྗེ་བློ་བཟང་རྒྱ་མཚོས་གསུངས།

ལ་མོ་བདེ་ཆེན་ཆོས་འཁོར་གླིང་དུ་ཁྲི་འདོན་མཛད་སྒོ་བསྐྱངས་ཚུལ།

ཁོང་གི་རྣམ་ཐར་འཇམ་མགོན་བསྟན་པའི་མཛེས་རྒྱན་ལས། ཁོང་རྡོ་རྗེ་འཆང་ནས་གསུང་འཕྲོས་ཤིག་ལ། ང་ཁྲི་འདོན་གྱི་ཉིན། དཀར་ཐང་མར་ཁའི་མཚོ་མོར་སེར་སྦྲེངས་ཆིབས་བསུ་སོགས་ཀྱི་སྤྲོས་པ་བློ་ཡུལ་དུ་མི་ཤོང་བ་ལྟ་བུ་ཞིག་བྱས་ཡོད་ཅིང་དུས་དེར་ངས་བསམ་པར། ཚོགས་པ་ཕོན་ཆེ་བ་འདི་དག་གིས་ང་ལ་འདི་འདྲའི་རེ་ལྟོས་འཆའ་ན། ངས་ཀྱང་སྒོ་གསུམ་བག་མེད་དུ་མི་གཏོང་བ་ཞིག་མ་མཐའ་ནའང་བྱེད་དགོས་རྒྱུ་རེད་སྙམ་པ་དེ་དུས་ནས་བྱུང་ཞེས་ཐུགས་བརྩེ་བས་རྗེས་སུ་འདོམས་པར་མཛད་དོ། །ཞེས་གསུངས་འདུག་པས། ཁྲི་འདོན་མཛད་སྒོ་སྐབས་ཁོང་དགུང་ལོ་བརྒྱད་ཙམ་རེད། ད་ལྟའི་དུས་ཀྱི་ཆར་ལོ་བརྒྱད་ཙམ་ལས་མ་སོན་པའི་བྱིས་པ་ཞིག་ལ་འདི་ལྟ་བུའི་བློ་རྒྱ་ཆེ་ཞིང་དཀྱེལ་ཡངས་པ་འབྱུང་རྒྱུ་ཕར་ཞོག ཤེས་འཇོན་གཉིས་ལྡན་གྱི་སྐྱེས་བུ་ཁྱད་འཕགས་སུ་རློམ་པ་སུས་ལའང་འདི་ལྟ་བུ་བྱུང་རེ་ཀྱིས། དེ་རང་གི་འཇོན་ནུས་དང་། རང་གི་བསོད་ནམས། རང་གི་ཐོབ་ཐང་། དེ་ལྟ་བུའི་བཀུར་བཟོ་བྱེད་པ་དད་ལྡན་མང་ཚོགས་ཁོ་བ་ཚོས་འགན་འཁྲི་ཡིན་སྙམ་པ་མ་གཏོགས། དད་ལྡན་པ་ཁོ་ཚོས་རེ་ལྟོས་བྱེད་པ་ནང་བཞིན་ཕན་འདོགས་དགོས་སྙམ་པ་སུ་ལ་ཡོད། བརྒྱ་ལ་གནས་སྐབས་དུས་ཐུང་ངུ་ཕྲན་བུ་ཞིག་ལ་བསམ་བློ་དེ་འདྲ་འཁོར་སྲིད་ཀྱང་། སྐུ་ཚེ་གང་བོར་དེ་ལྟ་བུའི་དྲན་འདུན་དུ་རེར་གནས་པ་ཞིག་འོང་སྲིད་དམ། དེ་ཡང་ཤེས་རབ་སྡོང་བུ་ལས། དམ་པ་རྣམས་ཀྱིས་ཁས་ཆེས་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་སྐུ་ཚེ་གང་བོར་རྒྱུན་ཆགས་པར་རྒྱལ་བའི་བསྟན་པ་དང་འགྲོ་བའི་དོན་དུ་མ་གྱུར་པ་ཞལ་གྱི་དབུགས་ཙམ་ཡང་མི་དམིགས་ན་འཕྲིན་ལས་ཀྱི་མཛད་པ་གཞན་རྣམས་ནི་སྨོས་ཅི་དགོས།

ལ་མོའི་གོང་ས་སྐུ་ཕྲེང་བརྒྱད་པ་ལུང་རིགས་བསྟན་པ་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས་ཚུལ།

ལ་མོའི་གོང་ས་ལུང་རིགས་བསྟན་པ་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས་ཚུལ་ནི།    ཉི་མ་བྱང་བགྲོད་ཀྱི་དུས་ཚེ་དགེ་བར། ལ་མོའི་སྒར་གཞུང་གི་ཕྱག་མཛོད་ཆེན་མོ་སྒར་བའི་དགེ་འདུན་གཙོས་གྲྭ་རྒན་གཙོ་གྲས་འགས། ༸ཁོང་ཨ་ལག་བླ་ཁོ་རིན་པོ་ཆེ་ལ་ཞུ་མཆིད་ཕུལ་དོན་ལྟར། ༸ཨ་ལག་བླ་ཁོ་རྡོ་རྗེ་འཆང་གིས་ཁོང་ལ་གནང་བའི་ཕྱག་རིས་དངོས་ལ་གཟིགས་པར། འདི་ལྟར། དགེ་བཤེས་བློ་བཟང་བསྟན་པ་དང་། ཞྭ་ཁྲའི་ལྷ་རམས་པ་གཉིས་ལ་མོ་ལེགས། ཁྱེད་ལ་ཤོ་མིག་དགུ་བ་བབས། སྒར་གཞུང་དང་བདེ་ཆེན་གྲྭ་རྒན་བཅས་ཀྱིས་ཁྱེད་ལ་མོས་ཚུལ་བྱུང་། དེར་བརྟེན་ངེད་ནས་ཞབས་དྲུང་དཀར་པོའི་དགེ་རྒན་དུ་ཐག་བཅད་པ་ཡིན་སོགས་རྒྱ་ཆེར་གསུངས། དགུང་ལོ་སོ་གཅིག་པ་ས་སྟག་སྤྱི་ལོ་༡༩༣༨ལོའི་ཧོར་ཟླ་གཉིས་པའི་ཡར་ཚེ་ལ། ལ་མོའི་སྒར་གཞུང་གིས་བསུ་བ་རིང་ཐུང་སྔ་ཕྱི་བདུན་གྱིས་བསུས་པ་སོགས་མཛད་སྒོ་རྒྱ་ཆེར་སྤེལ། ལ་མོའི་༸གོང་ས་མཆོག་གི་སློབ་གཉེར་གསན་སྦྱོང་ལེགས་པར་འོང་ཆེད་བླ་མ་རྡོ་རྗེ་འཆང་དང་དགེ་རྒན་རྣམ་གཉིས་གཙོས་ལ་མོ་བདེ་ཆེན་གྱི་བླ་གྲྭ་གཙོ་གྲས་རགས་བསྡུས་ཀྱི་གྲོས་མོལ་ཐོག དགེ་བའི་བཤེས་གཉེན་གཞུང་བརྒྱ་སྨྲ་བ་རྗེ་གྲགས་པ་རྒྱ་མཚོ། རབས་འབྱམས་པ་བློ་བཟང་མཁས་མཆོག ཐིས་པ་སྤྲུལ་སྐུ། དགོན་གསར་སྤྲུལ་སྐུ། མོག་སྤྲུལ་སྐུ། སྐ་ཕུག་སྤྲུལ་སྐུ། རྒྱབ་ཚང་སློབ་ཆུང་སྤྲུལ་སྐུ། གཞན་གྲྭ་གཞོན་གསུམ་བཅས་མཚན་ཉིད་ཞབས་ཞུར་བསྐོས་ཤིང་མཐུན་རྐྱེན་གང་ལེགས་བསྒྲུབས། དབུ་མ་མན་གྱི་འཛིན་གྲྭ་ཀུན་ལ་བརྩི་བཞག་གི་རྒྱུགས། མཛོད་འདུལ་འཛིན་གྲྭ་གཉིས་ལ་མ་སྐུལ་དང་བླངས་ཐོག་མཛོད་འདུལ་གྱི་སྡོམ་གཉིས་ལས་ཤོག་སྡེབས་བཅུ་ལྷག་རེ། འོག་མ་རྣམས་ལ་རྩོད་རྒྱུགས་འབུལ་བཞེས་ཀྱིས་སློབ་གཉེར་རྟིང་སྐུལ་ཚ་ནན། དབྱར་གཞུང་གི་ཆོས་མཚམས་རྣམས་སུ་འཛིན་གྲྭ་འོག་མ་རྣམས་༸གོང་ས་མཆོག་གི་གཟིམ་ཤག་ཏུ་ར་སྐོར་དམ་བཅའི་ཕྱག་སྲོལ་རྒྱུན་འབྱམས་སུ་སྤེལ་བ་སོགས་༸གོང་ས་མཆོག་གི་གཙོས་སློབ་གཉེར་བ་རྣམས་ལ་འཆད་ཉན་འཕེལ་བའི་ཐབས་སྣ་ཚོགས་གནངས་པ་སོགས་མཛད་འཕྲིན་བསམ་ལས་འདས།

ང་བརྒྱད་སྐབས།                      

དགུང་ལོ་ང་གཅིག་པ་ས་ཁྱི་སྟེ་སྤྱི་ལོ་༡༩༥༨ལོའི་ཧོར་ཟླ་གཉིས་པའི་ཟླ་མཇུག་ནས་ཧོར་ཟླ་བདུན་པའི་ཟླ་མཇུག་བར་ཏེ། ཟླ་ངོ་ལྔའི་རིང་ཟི་ལིང་དུ་ཕེབས་ནས་སྤྱི་ཚོགས་བསྒྱུར་བཀོད་ཀྱི་སློབ་སྦྱོང་དང་། བརྒྱད་པའི་ཚེ་འགོར་བཙོན་དུ་ངལ་རྩོལ་བསྒྱུར་བཀོད་གནང་དགོས་བྱུང་། ཁོང་ལ་ལས་བགོས་བྱས་པའི་ཕྱག་ལས་ནི་མི་ཕལ་བ་ཚོས་ཧ་ཅང་བྱ་དཀའ་བ་སྟེ། འགོ་ནད་དང་གཅོང་ནད་དྲག་པོས་གཟིར་བ། ཁྱད་པར་སྨྱོ་འབོག་དྲག་པོས་ཟིན་པ་དྲི་ཆེན་དང་དྲི་ཆུས་ལྭ་བ་ཆ་ཚང་སྦགས་པ། ལྭ་བ་མ་ཟད་ལན་གྲངས་དུ་མར་ལུས་པོ་ཧྲིལ་བོ་བཀྲུ་དགོས་པ་ཡང་མང་སྟེ། དེ་ལྟར་ནད་པ་དུ་མ་ལ་ཕན་བཏག་པ་ལས་ཞལ་གསལ་གྱི་དཔེ་མཚོན་ཞིག་ནི། སྨྱོ་ནད་དྲག་པོས་ཟིན་པ་རྐང་ཚའི་རབ་འབྱོར་ཟེར་བ་ཞིག་འདུག་པ་དེར་ཐབས་མཁས་ཀྱིས་སེམས་གསོ་དང་། སྐྱོང་མཁས་ཀྱི་ནད་གཡོག་མཐིལ་ཕྱིན་གནངས་པ་ལས་ཟླ་ངོ་བཞི་ཙམ་གྱི་རྗེས་སྨྱོ་ནད་སངས་དྭངས་སུ་སོང་བ་ལྟ་བུ་རེད། དེ་ཡང་ཇི་སྐད་དུ། བཅོམ་ལྡན་གང་གིས་འཁོར་བར་ཁྱོད། །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་དང་། བརྒྱ་ལྔ་བཅུ་བ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་བོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཀྱང་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱིད། །ཞེས་གསུངས་པ་དེ་འདྲ་བའི་རྣམ་པར་ཐར་པ་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་མ་ཡིན་པ་ལ་ནི་ཧ་ཅང་བྱ་དཀའ་བ་མ་ཡིན་ནམ། ཁོང་གི་ཞལ་ནས། ངས་བཙོན་ཁང་དུ་དཀའ་ངལ་གྱི་སྣང་བ་མེད་པར་ཀུན་ལ་ནུས་པ་ཡོད་ཚད་ཀྱིས་དོན་བཟང་སྒྲུབ་ཕྱོགས་ལ་ཧུར་བརྩོན་རེ་བྱེད་ཁུལ་བྱས་པས་རྡུང་བརྡེག་སོགས་ཀྱང་མྱོང་མ་དགོས་ལ། ཕན་ཚུན་ཚིག་ངན་ཙམ་ཡང་བཤད་དགོས་པ་མ་བྱུང་བར། ལོ་གསུམ་དང་ཟླ་ངོ་བཞིའི་མཐར་བཙོན་གྲོལ་ལྟ་བུ་ཞིག་ཐོབ་ནས་སླར་རང་ཡུལ་དུ་ཕྱིན་ཐུབ་པ་བྱུང་ཞེས་ཕེབས། ཞེས་རྣམ་ཐར་ལས་བྱུང་།

བསྟན་པ་ཡང་དར་སྐབས། དགུང་ལོ་དོན་གསུམ་པ་ལྕགས་སྤྲེལ་སྤྱི་ལོ་༡༩༨༠ལོའི་ཧོར་ཟླ་དགུ་བའི་ཚེ་དྲུག་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། ཁོང་གི་ཕྱག་ཡུལ་མདའ་བཞི་རྫོང་ཐོག་དུ་ཕེབས། ཧོར་ཟླ་བཅུ་བའི་ནང་༸པཎ་ཆེན་མཆོག་གིས། བཀའ་འཕྲིན་ཕྱག་རྒྱས་བཏབ་པ་ཞིག་ཁོང་ལ་འབྱོར་བའི་ནང་། ད་ལྟ་ཕྱོགས་ཀུན་ཏུ་བསྟན་པ་ཉམ་དམའ་ཞིང་ཆོས་རྒྱུན་འཛིན་པའི་སྐྱེས་མཆོག་རྣམས་རིམ་འདས་བྱུང། ཁྱེད་ནས་འབྲེལ་ཡོད་ཀྱི་དགོན་སྡེ་རྣམས་དང་། ཁྱད་པར་ལ་མོ་བདེ་ཆེན་དགོན་ལ་ཕེབས་ནས་བསླབ་བྱ་བློ་སྦྱོང་།

སྒྲིག་ལམ་སླར་གསོ། དཔེ་ཁྲིད་བཀའ་ཆོས་སོགས་ཐབས་གང་ཅི་ནས་བསྟན་པ་འཕེལ་རྒྱས་ཕྱོགས་ལ་གཟིགས་སྐྱོང་ནུས་ལྡན་མཛད་དགོས་ཞེས་བཀའ་བསྩལ་སྣང་། གསུང་འཕྲིན་འདིས་ཁོང་རྡོ་རྗེ་འཆང་ཐུབ་བསྟན་ཡོངས་ཀྱི་བདག་པོར་མངའ་གསོལ་བར་གོར་མ་ཆག་སྙམ། དེ་ནས་དུས་དུས་སུ་མཁས་གྲུབ་བྱེ་བའི་འབྱུང་གནས་ལ་མོ་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས་ནས་དབང་ལུང་མན་ངག་གངྒའི་ཆུ་རྒྱུན་ལྟར་ཕངས་མེད་དུ་གནང་བའི་གཏམ་བཟང་མང་དུ་བྱ་བ་ཡོད་ཀྱང་མང་དོགས།

ལ་མོའི་གོང་ས་བརྒྱད་པའི་དགོངས་རྫོགས།   དགུང་གྲངས་གྱ་བཞི་བ་ལྕགས་ལུག་སྟེ་སྤྱི་ལོ་༡༩༩༡ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ལ་མོའི་གོང་ས་སྐུ་ཕྲེང་བརྒྱད་པ་མཆོག་སྐུ་བསྙེལ་བ་སོགས་མི་བདེ་བའི་མཚན་མ་གང་ཡང་མེད་མོད། ཁོང་རྡོ་རྗེ་འཆང་གི་སྤྱན་སྔར་ཕེབས་ཏེ། ཁོང་གི་ཐུགས་ལ་བརྣགས་པའི་བཞེད་དོན་འགའ་ཁོང་རྡོ་རྗེ་འཆང་གིས་བསྒྲུབ་དགོས་པར་ནན་ཞུས་བྱས་པ་ཕྱིས་སུ་ཞལ་ཆེམས་སུ་གོ ཞལ་ཆེམས་གང་དག་ཡིན་པ་མང་དོགས་པས་བརྗོད་བརྩི་མེད། ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་དར་འཕྲིན་འབྱོར་བར། ཞབས་དྲུང་དཀར་བོ་ཚང་གློ་བུར་དུ་བསྙུན་གཞི་དྲག་པོ་བཞེས་ནས་སྨན་ཁང་དུ་བཞུགས་ཡོད་ཚུལ་གསན། ཁོང་རྡོ་རྗེ་འཆང་དེ་མ་ཐག་ཟི་ལིང་སྨན་ཁང་དུ་ཕེབས་ཏེ་ལྷན་འཛོམས་བྱུང་ནས་ཅང་མ་འགོར་པར་ལ་མོའི་གོང་ས་བརྒྱད་པ་མཆོག་ཞི་བར་གཤེགས་པའི་ཚུལ་བསྟན། སྐུ་གདུང་ཡིད་བཞིན་ནོར་བུ་ལ་མོ་བདེ་ཆེན་དགོན་གྱི་གཟིམ་ཆུང་བཀྲ་ཤིས་འོད་འབར་ཆོས་ཀྱི་ཕོ་བྲང་དུ་གདན་དྲངས་ཏེ། ཆུ་བཟང་རིན་པོ་ཆེ། སྐུ་འབུམ་ཨ་ཀྱཱ་ཚང་། ཀེ་ཀྱཱ་ཚང་སོགས་བླ་མ་སྐྱེས་ཆེན་དམ་པ་མང་བོ་དང་། བདེ་ཆེན་ཚོགས་པ་ཡོངས་དང་། རྔ་མགུར་ཁག་གསུམ་གཙོས་དགོན་ལག་མང་བོ་གདན་འཛོམས་ཏེ་གདུང་མཆོད་ཞུས་པ་སོགས་འགོ་མཇུག་བར་གསུམ་གྱི་བྱ་བ་ཀུན་དང་གོང་ས་མཆོག་གིས་ཞལ་ཆེམས་སུ་བཞག་པའི་བྱ་དཀའ་བའི་ཕྱག་ལས་མཐའ་དག་ལྷག་ལུས་མེད་པར་བསྒྲུབས་པའི་བཀའ་དྲིན་ནི་ས་གསུམ་གྱི་རིན་ཆེན་མ་ལུས་པ་བསྡུས་ཏེ་ཕུལ་ཡང་བཀའ་དྲིན་ཇི་ལྟར་སོབས།

ལ་མོའི་གོང་ས་སྐུ་ཕྲེང་དགུ་བ་ངོས་འཛིན་འཁྲུལ་མེད། ལ་མོའི་གོང་ས་༸སྐུ་ཕྲེང་བརྒྱད་པ་ཞི་བར་གཤེགས་ནས་ལོ་ཕྱི་ནང་བདུན་སོང་ཞིང་། ཁོང་རྡོ་རྗེ་འཆང་དགུང་གྲངས་དགུ་བཅུ་བཞེས་པ་མེ་གླིང་སྟེ་སྤྱི་ལོ་༡༩༩༧ལོའི་ཧོར་ཟླ་བདུན་པའི་ཚེས་༡༡ཉིན་གསང་འཛིན་ཕྱག་ན་རྡོ་རྗེ་མིའི་གར་དུ་རོལ་བ་༸ལ་མོའི་གོང་ས་ཞབས་དྲུང་དཀར་བོ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཡང་སྲིད་བཙལ་འཚོལ་སྐོར་གྱི་གྲོས་ཚོགས་བྲག་དམར་ཆུ་ཁོལ་ཁར་འཚོགས། གྲོས་ཚོགས་འཐུས་མི་ནི་ཁོང་རྡོ་རྗེ་འཆང་། ཞིང་ཆེན་མི་རིགས་དོན་གཅོད་ཁང་གི་འགན་འཛིན་ལིས་ཆིན། ཆོས་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་སངས་རྒྱས། ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་གཙོ་ཕུན་ཚོགས། མཚོ་བྱང་ཁུལ་གྱི་ཁུལ་གཙོ་གཞོན་པ་ལིས་བསམ་གཏན། ཁུལ་ཆོས་ལུགས་ཅུས་ཅུས་ཀྲང་། རྨ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་་པུའུ་ཀྲང་། ལ་མོ་གསེར་ཁྲི་ཚང་། བདེ་ཆེན་དགོན་པའི་དོ་དམ་འགན་གཙོ་རྒྱབ་ཚང་སྤྲུལ་སྐུ། རྨ་མགུར་དགོན་གྱི་འགན་གཙོ། མདའ་བཞི་ཆོས་ལུགས་ཅུས་ཅུས་ཀྲང་། སྐུ་ཕྱོགས་མར་ཁ་ཚང་བཅས་ཀྱིས་གྲོས་འཆམ་ལྷུག་པོར་བྱུང་སྟེ་གྲོལ། ཧོར་ཟླ་བརྒྱད་པའི་ནང་༸ལ་མོ་ཞབས་དྲུང་དཀར་བོ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ཆེད་དུ་ལ་མོ་གསེར་ཁྲི་ཚང་། ལ་མོ་གྲགས་ཚང་། ཨ་ལག་ཉི་མགོན་ཚང་། མར་ཁའི་སྐུ་ཤོགས་ཚང་། ཀྲུའུ་རིན་ལས་ཐོག་པ་ལ་མོ་རྒྱབ་ཚང་སྐུ་ཤོགས་བཅས། འཇམ་མགོན་བསྟན་པའི་གསལ་བྱེད་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྡེ་དང་། གུང་ཐང་འཇམ་པའི་དབྱངས་རྣམ་གཉིས་ཀྱི་གམ་ན་མོར་ཆེད་མངགས་མཛད། ཧོར་ཟླ་དགུ་བའི་ཚེས་༡༣ཉིན་ཁོང་རྡོ་རྗེ་འཆང་སྐུ་འབུམ་དུ་ཕེབས་པར་ཨ་ཀྱཱ་རིན་པོ་ཆེས་དངོས་སུ་ཕེབས་ལམ་ཚད་མེད་ཞུས་ཏེ་ཨ་ཀྱཱ་སྒར་བར་བསུས། ཆུ་བཟང་ཚང་། གསེར་ཁྲི་ཚང་། ཨ་ཀྱཱ་ཚང་སོགས་བླ་སྤྲུལ་ཆེ་གྲས་མང་བོ་དང་སྐུ་འབུམ་འདུས་སྡེ་རིན་པོ་ཆེ་བཅས་གསེར་སྡོང་ཆེན་མོའི་མདུན་སར། བདེན་སྟོབས་དང་ཐུགས་སྨོན་དག་པའི་བརྟགས་འབྲས་སུ་ཡང་སྲིད་མདོ་སྨད་ཕྱོགས་སུ་བཙལ་ངོ་ཤར། འོས་ཐོ་བྱིས་པ་སྤྲེལ་ལོ་བ་༡༧༧༠བསྡུས་པ་ལས་ལྷོ་ཁ་ཕྱོགས་སུ་བཅུ་དྲུག་དང་། བྱང་ཁ་ཕྱོགས་སུ་བཅུ་དྲུག་སྟེ་སོ་གཉིས་བར་དུ་ཕབ། ཡིན་ནའང་དུས་དེར་རེ་ཞིག་བསྐྱུར་ཏེ་ཉི་མ་བྱང་བགྲོད་ཀྱི་དུས་ཚེས་བཟང་བོ་ཞིག་ལ་ཐུགས་ཐག་གཅོད་རྒྱུར་གཏན་ཁེལ། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་གོང་སྨྲས་དམ་པ་དེ་དག་གིས་ཟན་སྒྲིལ་གནང་བས་གཡང་སྐྱབས་འབུམ་ཟེར་བ་ལ་བབས་ཚུལ་དང་། ཚེས་བརྒྱད་ཉིན་གདན་སར་འབྱོར་བ་སོགས་རྣམ་ཐར་དུ་གསལ་བས་མ་སྤྲོས། ཁོང་དགུང་ལོ་གོ་གཅིག་བཞེས་པ་སྤྱི་ལོ་༡༩༩༨ལོའི་གནམ་ལོ་གསར་ཚེས་ཀྱི་ནངས་པར་༸ལ་མོ་གོང་ས་སྐུ་ཕྲེང་དགུ་བ་ཆུང་སྲིད་རིན་པོ་ཆེ་༸བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་གཙོས་གྲྭ་ཚང་གི་ལོ་གསར་དང་བརྟན་བཞུགས་ཚེས་སྒྲུབ་ཕུལ། ཚེས་ལྔ་ཉིན་བླ་མ་རྡོ་རྗེ་འཆང་མཁན་པོ་དང་། ཏོག་ར་བླ་མ་བློ་བཟང་བསྟན་འཛིན་རྒྱ་མཚོ། དགེ་བཤེས་བསོད་ནམས་རྒྱ་མཚོ། མཆོད་དཔོན་བློ་བཟང་དཔལ་ལྡན། དགེ་སློང་ལྷུན་གྲུབ་རྒྱ་མཚོ་བཅས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་༸གོང་ས་མཆོག་ལ་དགེ་བསྙེན་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་རྣམས་དཀྱུས་གཅིག་ཏུ་ཕུལ་བའི་བསྐལ་བཟང་མངོན་དུ་གྱུར་ཏོ། །

དེ་ལྟར་ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་བླ་ན་མ་མཆིས་པ། ཚོགས་གཉིས་རླབས་པོ་བསྐལ་ཆེན་གྲངས་མེད་དག་ཏུ་གོམས་པའི་མཐུ་ལས། འཛམ་གླིང་མཁས་པའི་གཙུག་གི་ནོར་བུའི་ཁྲི་འཕང་མཐོ་པོར། དབང་ལུང་མན་དག་གི་བདུད་རྩིའི་འཁོར་ལོས་མངའ་བསྒྱུར་པའི་ཆོས་ཀྱི་རྒྱལ་བོ་ཆེན་པོ། ས་གསུམ་སྐྱེ་དགུའི་དབུས་ན་མཚན་སྙན་གྱི་བ་དན་མངོན་པར་གསལ་ཞིང་། མཁས་བཙུན་བཟང་གསུམ་གྱི་བསུང་ཞིམ་མངར་མོས་ཉམ་ཐག་པའི་འགྲོ་བ་བསྐྱབས་པར་མཛད་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ༸ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་ཆེན་པོ་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས། རྒྱལ་བསྟན་སྤྱི་དང་། བྱེ་བྲག་དུ་མདོ་སྨད་ལྷོ་བྱང་གི་བརྒྱུད་དང་། ཡང་སྒོས་ལ་མོ་དགོན་མ་ལག་ལྔ་བཅུ་ལྷག་ལ་ཡུག་གཅིག་ཏུ་ཁྱབ་པའི་བཀའ་དྲིན་ནི་སྨྲ་བསམ་བརྗོད་འདས་ཡིན་ཏེ། མཁས་གྲུབ་བསྟན་པའི་ཉིན་བྱེད་ཀྱིས། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། །ས་གསུམ་སྐྱེ་དགུའི་གཉེན་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཁོ་ན་ལགས་ལ། དུས་ཚོད་ཀྱི་རྐྱེན་པས་རེ་ཞིག་རྫོགས་པར་བྱས་སོ། །

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn      

བརྒྱུད་འགོད།