དགེ་ཚུལ་ཆུང་ཆུང་གི་ཉིན་ཐོ་གསོན་པོ།(ཆེད་བསྒྲིགས)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-08 17:08:12     རྩོམ་པ་པོ།   ཀླུ་ཚང་དགོན་པའི་དགེ་ཚུལ་དག    ཀློག་ཐེངས།  

IMG_0095.JPG

        ༄༅།།དགེ་ཚུལ་གྱི་ཉིན་ཐོ་འདི་ནི་ཀླུ་ཚང་དགོན་པའི་ཆོས་གྲྭའི་སྔོན་འགྲོའི་རིག་གནས་འཛིན་གྲྭའི་སློབ་མ་དགེ་ཚུལ་ཆུང་ཆུང་དག་གིས་བྲིས་ཡིན། ཉིན་ཐོ་འདི་དག་ལས་དྭངས་ཤིང་གསལ་ལ།ལྷད་མ་འདྲེས་པའི་སེམས་པ། བཅོས་མ་མ་ཡིན་པའི་བྱིས་པའི་འཇིག་རྟེན་བཅས་མངོན་པས་ངེད་དགེ་ལུགས་པའི་དྲ་བས་ཆེད་དུ་ལེ་ཚན་འདི་བསྒྲིགས་པ་ཡིན།

                                                                                                                              དགེ་ལུགས་པའི་དྲ་བ་རྩོམ་སྒྲིག་ཁང་ནས།   


0947429804.jpg

ཉིན་ཐོ།


                 བསྟན་འཛིན་རྒྱ་མཚོ། ལོ༡༢ འཛིན་གྲྭ་གཉིས་པ།
    

                 2016.2.11.   གཟའ་སྤེན་པ། གནམ་དྭངས།


        མདང་དགོང་ངའི་རྨི་ལམ་དུ་སྲོག་གཅོད་དང་འཕྲོག་བཅོམ་བྱེད་པ་རྨིས། སད་མ་ཐག་ངའི་སྡིག་པ་བྱས་སོང་འདོད་ནས་སེམས་སྡུག. འོན་ཀྱང་དེ་རྨི་ལམ་རེད། རྨི་ལམ་ནང་སྲོག་གཅོད་པ་རྨིས་ན་དགའ་བ་སྐྱེས་མི་ཉན། དགའ་བ་སྐྱེས་ན་དམྱལ་བ་ཡང་སོས་ལ་ལྷུང་འགྲོ། དེ་ནས་ང་དགའ་བ་མ་སྐྱེས།


IMG_4002.JPG

             ཉིན་ཐོ།

 
                                བསྟན་འཛིན་རྒྱ་མཚོ། ལོ༡༢ འཛིན་གྲྭ་གཉིས་པ།


                                2016.2.14.    གཟའ་མིག་དམར། གནམ་ངོ་འཁྲུགས།


        དེ་རིང་སྔ་མོ་ཡར་ལངས་ཏེ་སློབ་གྲྭར་འགྲོ་སྐབས་ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག  སྨུག་པ་ཡང་འཐིབས་འདུག ང་རང་བར་སྣང་ན་ཡོད་པའི་ཚོར་བ་ཞིག་བྱིན། ང་འགྲོ་སྐབས་ལམ་ཁ་ན་བྱི་ལ་ཆུང་ཆུང་ཞིག་གྲང་བཞིན་འདུག    ངས་ཁོ་སྙིང་རྗེ་ནས་ལག་པའི་ནང་སྡོམ་ན་འདོད། འོན་ཀྱང་ང་ཡང་ཧ་ཅང་གྲང་བས་ཁོ་འཛིན་མ་ཐུབ་ངའི་སེམས་སྡུག་བཞིན་སློབ་གྲྭར་སོང་།


IMG_4145.JPG

ངའི་སེམས་ཤེས་པའི་བྱི་ལ་ཆུང་ཆུང་།


                      ཚུལ་ཁྲིམས་རྒྱ་མཚོ། ལོ།༡༤ འཛིན་གྲྭ་གསུམ་པ།


                      ༢༠༡༦.༢.༡༢   གནམ་དྭངས།

        ཁ་སང་ཡང་ནམ་རྒྱུན་བཞིན་དུས་ཚོད་དྲུག་གི་སྟེང་ནས་དཔེ་ཆ་བཤར་ཀྱང་བློར་མ་ཡོང་བས།  དེ་རིང་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་བཅུའི་སྟེང་ནས་མྱུར་མོར་ལངས་ནས་དཔེ་ཆ་བཤར་མོད།  
        ད་དུང་བློར་མ་ཟིན་པས་གནས་གྱི་དགེ་རྒན་གྱིས་ངོ་གནག་ནས་སྐད་ཆ་རྩུབ་མོས་སློབ་གྲོགས་ཡོངས་ཀྱིས་བློར་སྤྲད་ཚར་འདུག  
ཁྱོད་ཀྱིས་ཕྱི་རོལ་ནས་བློར་བཟུང་ཞེས་ང་གཅིག་པུ་སྒོ་ལ་ཕུད་ནས་མྱུར་དུ་བློར་ཟུངས་ཟེར། 
        ང་སློབ་གྲྭའི་ཕྱི་རོལ་གྱི་གྲིབ་མའི་ནང་དུ་བསྡད་ནས་ངུ་ཞོར་དང་འདོན་ཞོར་བྱས། བསམ་ཞིང་བསམ་ཞིང་སེམས་སྐྱོ། 
        དུས་ཚོད་ལྔ་དང་ཕྱེད་ཀ་ནས་བཤར་ཡང་བློར་མི་ཟིན་པས་རང་ཉིད་རང་ཉིད་ལ་ཡིད་ཆད།   
        མིག་ཆུ་ཕྱིས་མི་ཚར་བ་ཞིག་བཞུར།  སྐབས་དེར་ཞི་ལ་ཆུང་ཆུང་སྔོ་སྐྱ་ཞིག་འོངས་ནས་བདག་གི་པང་དུ་བསྡད།  ངའི་སེམས་སུ་ཁོ་ནི་ང་ལ་སེམས་གསོ་དང་།  ང་ཡི་མིག་ཆུ་ཕྱི་རུ་ཡོང་བ་ཡིན་པར་སྙམ།  ངའི་སེམས་ཀྱི་སྐྱོ་སྡུག་ཡོད་ཚད་ཞི་ལ་ཆུང་ཆུང་དེས་ཤེས་ཡོད་པ་འདྲ།


IMG_5468.JPG

ངའི་དཔེ་ཁུག་ནང་དུ་བྱིའུ་ཞིག་ཡོད།


                       འཛིན་གྲྭ་གསུམ་པ།    ལྷོ་བ་ཤེས་རབ།༡༣

                        ཧོར་ཟླ་ ༢ ཚེས ༨      གཟའ་སྤེན་པ།     གནམ་ངོ་རུབ

        དེ་རིང་ཡང་ནམ་རྒྱུན་བཞིན་ཞོགས་པའི་དུང་སྒྲ་དང་མཉམ་དུ་ལངས་ནས་དཔེ་ཆ་བཤར་ཅིང་ནངས་ཇ་འཐུང་རྗེས་སློབ་གྲྭར་ཡོང་བའི་ལམ་བར་དུ་བྱིའུ་ཞིག་སྡོང་མགོ་ནས་ས་རུ་ལྷུང་འདུག་པ་མཐོང་།  ངས་བྱིའུ་ཕྲུག་དེ་ངོ་མ་སྙིང་རྗེ་ནས་དཔེ་ཁུག་ནང་དུ་བསྡུས་ཏེ་སློབ་གྲྭར་སོང་། 

        ང་སྐྲག་ནས་དགེ་རྒན་ལ་ཤེས་སུ་མ་བཅུག  ངས་བྱིའུ་ཕྲུག་ལ་གོ་རེ་ཙ་གེ་ཙིག་གེ་བལྡད་ནས་བྱིན།  དེ་ནས་གཟའ་སྤེན་པའི་སྔ་དྲོའི་རྟགས་གསལ་འཕངས་རྗེས་སློབ་གྲྭ་གྲོལ། 

        ངས་བྱིའུ་ཕྲུག་ལམ་བར་གྱི་བྱིའུ་ཚང་ཞིག་ཡོད་པ་དེའི་ནང་དུ་བཞག དེ་ནས་ང་འགྲོ་དུས་བྱིའུ་ཕྲུག་གིས་ང་ལ་བལྟས་འདུག   ངའི་སེམས་པ་ཧ་ཅང་སྐྱོ། འོན་ཀྱང་འདི་ལས་དབང་རེད།


IMG_5255.JPG

    རྨི་ལམ།

རུ་མང་ཡོན་ཏན་རྒྱ་མཚོ། ལོ༡༤ འཛིན་གྲྭ་གཉིས་པ།


    ༢༠༡༦.༢.༢༥  གཟའ་ཕུར་བུ།    གནམ་ངོ་དྭངས།


        དེ་རིང་སྔ་མོར་མལ་ལས་ལངས་བ་ན་མིག་མཐར་མཆི་མ་འཁོར་འདུག།དེ་ནི་མདང་དགོང་རྨི་ལམ་རྨིས་ནས་ངུས་པ་རེད། ང་ངུས་བ་རང་དོན་མ་ཡིན་གཞན་དོན་ཡིན།
        དེ་ནི་ཉིན་འགའི་སྔོན་ཨ་ཁུས་ང་ལ་དམྱལ་བའི་སྡུག་བསྔལ་བཤད་པ་དེ་ངས་ཡིད་ལ་བཟུང་ནས་ཉིན་མང་བོ་འགོར་བའི་མཐར་རྨི་ལམ་དུ་རྨིས་བྱུང་།དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། ངས་དེའི་ནང་གི་དོན་དག་དང་མི་སྣ་ངོ་མ་ཡིན་པ་རྟོགས་དཀའ་བས་ངས་མི་གཞན་ལ་མ་བཤད།
        རྨི་ལམ་དེས་ང་ལ་སྙིང་རྗེ་ཚད་མེད་སྐྱེ་རུ་བཅུག རྨི་ལམ་ནང་དུ་མི་མང་བོ་གངས་ནང་དུ་འཕེན་པ་དང་།མེ་ནང་ལ་འཕེན་པ་ད་དུང་སྣུམ་ནང་དུ་བཙོ་བ་སོགས་བྱེད་བཞིན་འདུག ངས་དེ་མཐོང་ནས་ཁོ་ཚོ་སྐྱོབ་ན་འདོད།
        འོན་ཀྱང་ང་རང་ཉིད་ཀྱང་ཉོན་མོངས་དུག་གསུམ་ལས་ཐར་མེད་པས་ངས་ཁོ་ཚོ་སྐྱོབ་ག་ལ་ཐུབ། དེ་ནི་རྨི་ལམ་ཡིན་པ་ལས་ངོ་མ་མིན།   ངོ་མ་ནི་སངས་རྒྱས་ཀྱིས་སྐྱོབ་ཐུབ། 
        ང་ཡང་སངས་རྒྱས་ཤིག་ཏུ་གྱུར་ན་འདོད་ཀྱང་དེ་ནི་ཧ་ཅང་དཀའ་མོ་ཞིག་རེད། འོན་ཀྱང་ང་མ་འོངས་བར་དགེ་བཤེས་ཤིག་ཏུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་ནང་ནས་སྐྱོབ་རྒྱུ་ངའི་མི་ཚེ་འདིའི་འོས་འགན་ཡིན།


IMG_5316.JPG


ཉིན་ཐོ།


                           འབའ་རྫོང་ཆོས་དབྱིངས་རྒྱ་མཚོ།  ལོ༡༥ འཛིན་གྲྭ་གཉིས་པ།

༢༠༡༦ལོའི་ཟླ་༢པའི་ཚེས༢༠ཉིན།   གཟའ་ཟླ་བ།    གནམ་གཤིས་དྭངས།


        དེ་རིང་བདག་སློབ་གྲྭར་སོང་ནས་སྐུ་རིམ་འདོན་དུས་གསོལ་བ་རྩེ་གཅིག་དུ་བཏབ་ནས་བཏོན།ཨ་ར་པ་ཙ་འདོན་སྐབས་ཆོས་གྲོགས་ཚོས་གཅིག་བཏོན་ན་བདག་གིས་གཉིས་བཏོན་ནས་བསྡོམས་པའི་ཆོས་གྲོགས་ཚོས་ཉེར་གཅིག་བཏོན་རྗེས་བདག་གིས་ཞེ་གཉིས་བཏོན་ཡོད།
        དགེ་རྒན་གྱིས་ཨ་ར་པ་ཙ་འདོན་སྐབས་མིག་ཆུ་བཞུར་རག་བར་དུ་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་དཔེ་ཆ་ཤེས་གསུངས། འོན་ཀྱང་བདག་གིས་གསོལ་བ་བཏབ་ནའང་མིག་ཆུ་མི་བཞུར་ལ།དེ་ནས་བདག་གི་སེམས་ལ་དེ་རིང་མི་བཞུར་ན་མི་སྐྱོན་ལ་སང་ཉིན་ཡང་བདག་གིས་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་འཇམ་པའི་དབྱངས་ཀྱིས་བདག་སྙིང་རྗེ་ནས་ང་ཡི་སྙིང་ཁོངས་སུ་འཐིམ་ཡོང་འདོད།


IMG_5322.JPG

        ཉིན་ཐོ།

                        འོད་སྲུང་རྒྱ་མཚོ། ལོ11 འཛིན་གྲྭ་དང་བོ།


                       2016.2.28       གཟའ་མིག་དམར།
             དེ་རིང་གནམ་གཤིས་མི་ཡག ང་རང་སྔར་བཞིན་སློབ་གྲྭར་སོང་བ་ཡིན།ངའི་ཅོག་ཙེ་སྟེང་ན་དཔེ་ཆ་མང་བོ་ཡོད། ད་དུང་སྨྱུག་སྒམ་ཞིག་ཡོད།དེ་ནི་ཁང་པ་ཞིག་དང་མཚུངས། དེའི་ནང་ཁེ་གྲི་ཆུང་ཆུང་གཅིག འགྱིག་སུབ་སྨྱུ་གུ་འགའ་བཅས་ཡོད། ཐོག་ན་བསྐོར་རྒྱུ་ཞིག་ཡོད། དེ་བསྐོར་ན་དབྱངས་སྙན་མོ་ཞིག་གྲགས་པས་ང་ནམ་རྒྱུན་དེ་ལ་རྩེ་རྒྱུར་དགའ། སེམས་སྐྱོ་བ་ཞིག་ལ་དེ་རིང་ཆག་འདུག


IMG_5469.JPG


ཉིན་ཐོ།


༢༠༡༦.༢.༢༧   གཟའ་མིག་དམར།  གནམ་དྭངས།
འབའ་ཀུན་དགའ་རྒྱ་མཚོ། ལོ༡༣ འཛིན་གྲྭ་གཉིས་པ།

        དེ་རིང་སྐུ་རིམ་འདོན་དུས་ཨ་ཁུ་འཇམ་དབྱངས་ཐོན་ཏེ་ང་ཚོས་མཉམ་དུ་བཏོན།   དེ་ནས་ངས་དགེ་རྒན་གྱིས་གསུངས་པ་ལྟར་སྐྱབས་འགྲོ་བསྒོམས་པ་ཡིན།རང་གི་བླ་མ་དང་སྟོན་པ་གཉིས་ངོ་བོ་དབྱེར་མེད་དུ་བྱས་ནས་མཐའ་སྐོར་དུ་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་བསྐོར་ཏེ་དཀྱིལ་གྱི་སྟོན་པ་བླ་མ་ཡིན་པའི་འདུ་ཤེས་བཟུང་ནས་གསོལ་བ་བཏབ།  ཕྱི་དྲོ་གློ་བུར་དུ་ཆར་བ་བབས་བྱུང་།  དེ་རིང་ནི་ཆར་བ་འབབ་པའི་ཉིན་དང་བོ་ཡིན་པས་ངའི་སེམས་ཧ་ཅང་སྤྲོ་བ་ཞིག་རེད།

IMG_5470.JPG

ཉིན་ཐོ།

                      འཛིན་གྲྭ་གཉིས་པ།   ར་རྒྱ་བསོད་ནམས་རྒྱ་མཚོ། ལོ 14


                       2016ལོའི་ཟླ་3པའི་ཚེས་3ཉིན། གཟའ་སྤེན་པ།  གནམ་ངོ་བཟང་།
        དེ་རིང་སྔ་མོ་ཉི་མ་ས་གཞིར་འཕྲོས་མ་ཐག་དཔེ་ཁུག་ཁུར་ནས་སློབ་གྲྭར་སོང་།  ཆོས་གྲྭ་གྲོལ་ནས་མེ་ཏོག་ལྡུམ་ར་ལས་སྐབས་ངའི་ཁ་ནས་ཚིག་རྩུབ་ཅིག་ཤོར་སོང་། དེ་ནས་ཚུལ་ཁྲིམས་ཀྱིས་ངས་ཚིག་རྩུབ་བཤད་ཀྱང་ཁས་མི་ལེན་ཞེས་ཡར་མར་ལ་བཤད་ཀྱིན་ཡོད།  ངས་དེ་ལྟར་མ་བཤད་ཅེས་ཁོ་ལ་བཤད་པ་ན་ཁོས་ང་ལ་མི་དགའ་བའི་ཉམས་འགྱུར་དང་མི་སྙན་པའི་སྐད་ཆ་འགའ་བཤད་རྗེས་ང་ཁོང་ཁྲོ་ལངས་ནས་ཁོ་ལ་སྐད་དམའ་མོས་ཚིག་ལོག་བརྒྱབ་པ་ན་ཁོ་སོང་ནས་དགེ་རྒན་ལ་བཤད་།  དེ་ནས་ངེད་གཉིས་ལ་དགེ་རྒན་གྱིས་ཆད་པ་བཅད་དེ་འཛིན་གྲྭའི་ནང་ལ་གཙང་སྦྲ་བྱེད་དུ་བཅུག ཉིན་གུང་ཤག་ཏུ་ཡོང་ནས་སེམས་སུ་དེ་རིང་ཁོང་ཁྲོ་ལངས་པ་དེ་མ་འགྲིག་འདོད་ནས་ཨ་ཁུ་སྐུ་ལོའི་གཟིམ་ཁང་མདུན་དུ་དགེ་སྤུན་ཚོ་གཅིག་ལ་མ་བཤད་པར་ང་གཅིག་བུ་སོང་ནས་ཕྱག་ཉེར་གཅིག་འཚལ་རྗེས་གནས་དེར་བསྡད་ནས་བླ་མ་དང་སངས་རྒྱས་སོགས་སྙིང་དུ་སྒོམ་ཞོར་དུ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་དེ་རིང་གི་ཉེས་པ་དེ་བཤགས་པ་ཡིན། 

        ཕྱི་དྲོ་རྫོང་ཐོག་ལ་སོང་ནས་ཟླ་བ་དང་ངེད་གཉིས་རྒྱ་སྲང་ལ་འབྲི་དེབ་ཉོ་རུ་འགྲོ་སྐབས་ཨ་མ་ལོ་ལོན་དབུལ་བོ་ཞིག་གིས་མོ་ལ་བུ་གཅིག་ཡོད་པ་དེར་སློབ་སྦྱོང་ཡོ་ཆས་ཤིག་ཉོ་བཞིན་ཡོད་པས་ཟླ་བ་ལ་འུ་གཉིས་ཀྱིས་ཨ་མ་ལོ་ལོན་དེའི་དངོས་བོ་དེ་ལ་སྒོར་མོ་སྟེར་ཞེས་བཤད་པ་ན་ཁོས་ཀྱང་སྟེར་ཟེར་ནས་ངེད་གཉིས་ཀྱིས་སྒོར་མོ་བྱིན།  ཨ་མ་ལོ་ལོན་དེས་བན་ཕྲུག་གཉིས་ཀ་བཀའ་དྲིན་ཆེ་ཟེར།  ངས་དེ་རིང་དགེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བྱེད་ཐུབ་སོང་འདོད་ནས་དགའ་སྤྲོའི་ངང་ཕྱིར་ཡོང་།
 
 


1146570165.jpg


 ཉིན་ཐོ།


 
འཛིན་གྲྭ་གཉིས་པ།  ནག་རོལ་ཚུལ་ཁྲིམས་རྒྱ་མཚོ། ལོ༡༥

2016ལོའི་ཟླ་3པའི་ཚེས་3ཉིན།  གཟའ་སྤེན་པ།  གནམ་ངོ་བཟང་།


        དེ་རིང་ནི་རྒྱུན་ལྡན་ལྟར་ང་ཚོའི་གཟའ་འཁོར་གྱི་ཉིན་མོ་ཡིན།  དེ་རིང་ངས་རང་ཉིད་འགྱོད་པ་སྐྱེས་པའི་དོན་དག་ཞིག་བཟོས་སོང་།  དེ་ནི་ཉིན་གུང་ང་ཚོས་ལས་ཀ་ལས་སྐབས་བསོད་ནམས་རྒྱ་མཚོ་དང་ངེད་གཉིས་ཀྱིས་འཁོན་འཛིང་བྱས་པ་དེ་ཡིན།  འཁོན་འཛིང་དེ་ཡིས་དགེ་རྒན་དང་སློབ་གྲོགས་ཚོའི་སེམས་སུ་ཤུགས་རྐྱེན་ངན་པ་ཞིག་བཟོས། ང་རང་ཁོང་ཁྲོའི་དབང་དུ་སོང་བས་རང་གིས་བསགས་པའི་དགེ་རྩ་ཐམས་ཅད་བཅོམ་སོང་། ད་ལྟ་ང་ལ་དགེ་བ་ཅི་ཡང་མེད་པས་རྗེས་སུ་ང་ཤི་ན་དམྱལ་བ་ནས་སྐྱེས་པ་ཁོ་ཐག་རེད།ངས་མི་ཚོགས་མང་པོའི་ནང་དུ་ཁྱོད་ལ་བཤད་པ་ང་རང་ནོར་ཡོད་པས་ངས་ཁྱེད་ལ་དགོངས་དག་ཞུས་པ་ཡིན།  དགེ་རྒན་གྱིས་ངེད་གཉིས་ལ་ཆད་པ་བཅད་ནས་ནང་དུ་གཙང་སྦྲ་བྱེད་དུ་བཅུག་པ་རེད་། ནང་ལ་གཙང་སྦྲ་བྱས་ན་ཕན་ཡོན་ཡོད་པས་དེ་ཡང་དགེ་བ་ཡིན།  འདི་ལྟར་དགེ་བ་བསྒྲུབ་ན་ང་རང་དམྱལ་བ་ལ་འགྲོ་མི་དགོས་ནའང་ཐང་།
 


080841oouyl8u07354l30v.jpg


ཉིན་ཐོ

                        གོང་བ་ཤེས་རབ་རྒྱ་མཚོ། ལོ༡༢ འཛིན་གྲྭ་གཉིས་པ།


                       2016.3.9 གཟའ་པ་སངས། གནམ་རུབ།
        དེ་རིང་ཕྱི་དྲོ་དཔེ་ཀློག་སློབ་ཐུན་སྐབས་ང་ཚོ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར་འཕྲོ་མཐུད་ནས་གསུངས། དེའི་ནང་དོན་གལ་ཆེ་བ་རྣམས་ནི་རབ་བྱུང་གི་བརྩི་སྲོལ་ནི་སྤྱི་ལོ་༡༠༢༧ལོར་གྱི་ཇོ་ལོ་ཙྭ་བ་ཟླ་བའི་འོད་ཟེར་གྱིས་སྲོལ་བཏོད་པ་དང་། རབ་བྱུང་གཅིག་ལ་ལོ་དྲུག་ཅུ་ཡིན་པ། ད་སྐབས་རབ་བྱུང་བཅུ་དྲུག་པ་ཡིན་པ་སོགས་དང་། ཁོང་གིས་་དགུང་ལོ་བདུན་སྟེང་ཁུ་བོ་དགེ་སློང་བསོད་ནམས་ལྷུན་འགྲུབ་ཀྱི་མདུན་ནས་ཡི་གེ་སྦྱངས། དགུང་ལོ་བཅུ་གསུམ་སྟེང་གནས་བརྟན་འདུལ་བ་འཛིན་པ་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱི་མདུན་དུ་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་རྒྱལ་མཚན་ཞེས་གསོལ་བ་རྣམས་གསུངས།
             སྔོ་ཞིང་དྭངས་བའི་ནམ་མཁའ་སྟོང་བ་ན།།
             སྤྲིན་དཀར་སྣ་ཚོགས་གཡས་འགྲོ་གཡོན་འགྲོ་བྱེད།།
             ཕྱི་དྲོ་ཉི་མ་ནུབ་ཁའི་མཚམས་སྤྲིན་དེ།།
             མཛེས་ཤིང་ལྟ་ན་སྡུག་ཅིང་ཡིད་དུ་འོང་།།


4-1501231AIJ17.jpg

ཉིན་ཐོ།

འབའ་རྫོང་ཆོས་དབྱིངས་རྒྱ་མཚོ།  ལོ༡༥ འཛིན་གྲྭ་གཉིས་པ།


                       2016 ལོའི་ཟླ་2 པའི་ཚེས19 ཉིན། གཟའ་ཉི་མ།  ཉི་མ་དྲོ།


        དེ་རིང་སྔ་མོ་ཡར་ལངས་ནས་བློར་བཟུང་ཚར་རྗེས་ནངས་ཇ་འཐུང་སྟེ་གཙང་སྦྲ་བྱས། དུས་ཚོད་བཅུའི་སྟེང་འདོན་པ་བློར་བཟུང་ནས་བཅུ་གཅིག་སྟེང་མཚམས་བཞག

        དེ་ནས་ང་རང་ཆུ་ལེན་དུ་འགྲོ་སྐབས་གོ་ཟེའུ་ནང་དུ་འབུ་ཞིག་ལྷུང་། ངས་འབུ་སྐྱོབ་འདོད་ནས་གོ་ཟེའུ་ནང་གི་ཆུ་ཐང་དུ་བླུགས། ཤུལ་ནས་ཆུ་ཅུང་ཙམ་བསྐྱུར་རྗེས་ནང་ལ་བལྟས་པ་ན་འབུ་མེད་། ཐང་ལ་བཙལ་ཀྱང་འབུ་མ་རྙེད་།

        ངའི་སེམས་ལ་དེ་རིང་ངས་བླངས་འདས་སོ་དྲུག་ལས་སྲོག་གཅོད་བཞིའི་ནང་ཚན་གྱི་དུད་འགྲོ་འདེབས་པ་བྱས་སོང་བས་ཐེངས་རྗེས་མའི་གསོ་སྦྱོང་སྐབས་བཤགས་པ་བྱེད་དགོས་འདོད་།
 


2300284072_2.jpg


ཉིན་ཐོ།
འཛིན་གྲྭ་གཉིས་པ། བསྟན་འཛིན་རྒྱ་མཚོ། ལོ༡༢


        དེ་རིང་ཉིན་གུང་ངས་གནམ་གྲུ་ཞིག་སྤུར་བཞིན་རི་ངོས་སུ་སོང་།ས་འོག་ན་ཕྱི་ལ་བུད་ཡོད་པའི་རུས་པ་ཞིག་ཡོད་པ་མཐོང་། ངས་ལག་པས་བླངས་ནས་བལྟས་པའི་ཚེ་མི་ཡི་མགོ་རུས་ཞིག་རེད།ང་ཧ་ཅང་སྐྲག་ཏེ་བྲོས།

        དེ་ནས་ངས་མི་གཞན་པ་འགའ་ཞིག་བོས་ཁོ་ཚོས་བཤད་ན་ང་་བརྒྱད་ལོའི་མི་ཡིན་རྒྱུ་རེད་ཟེར།ང་ཡ་མཚར་སྐྱེས་ནས་ཀུན་དགའ་ལ་དྲིས་ཀུན་དགས་བཤད་རྒྱུར་དོ་དགོང་རོ་ལངས་བརྒྱབ་ནས་ཁྱོད་ཀྱི་ཤག་ལ་ཡོང་ནི་རེད་ཟེར་ང་ཧ་ཅང་སྐྲག ཤག་ལ་ཐོན་ནས་དམིགས་བརྩེ་མ་དང་གདུགས་དཀར་སོགས་བཏོན།


33b1OOOPIC7c.jpg


ཉིན་ཐོ།


                      འཇིགས་མེད་གྲགས་པ།  འཛིན་གྲྭ་གསུམ་པ།    ལོ 14


                       2016 .3.15     གནམ་ངོ་རུབ། 


        དེ་རིང་སློབ་ཐུན་དང་བོར་བརྡ་སྤྲོད་འཚོགས་སྐབས་དགེ་རྒན་འཇིགས་མེད་ཀྱིས་ང་ཚོ་ལ་རྟགས་འཇུག་གི་སློབ་ཁྲིད་གནང་།    ཆོས་གྲོགས་རེ་རེ་བཞིན་བོས་ནས་ནག་པང་སྟེང་དུ་ང་ཚོར་ཤེས་ཡོད་མེད་ལ་ཚོད་ལྟ་བྱེད་བཞིན་སློབ་ཁྲིད་བྱས་ནས་གྲོལ།

        དེ་ནས་ཡུན་རིང་ཞིག་ལ་སློབ་ཐུན་མ་འཚོགས་པར་ལྒང་ལུ་རྩེད་སྐབས་གློ་བུར་དུ་རླུང་ནག་འཚུབ་མ་གཡུགས་ནས།མི་ལ་ལའི་མིག་ནང་ལ་ས་རྡུལ་སོང་ནས་མིག་ཆུ་ཆུ་བོ་ལྟར་བཞུར་གྱིན་འདུག    ང་ཚོ་མུ་མཐུད་དུ་རྐང་རྩེད་སོགས་རྩེད་འཇོ་ལ་རོལ།  པི་པི་བུས་པ་དང་ཆབས་ཅིག་འཚོགས།

        དེ་ནས་དགེ་རྒན་གྱིས་ང་ཚོར་ཅུང་ཙམ་ལ་དཔེ་ཆ་གཤོར་དང་ཟ་མ་མྱུར་དུ་ཐོན་ཟེར།   ང་ཚོས་འདོན་པ་དབྱངས་ལ་གྱེར་ནས་གཤར།དེའི་རྗེས་ཐུག་པ་འཐུང་སྐབས་ངས་མཉམ་མ་བཞག་པར་ཅ་ནེ་ཐང་ལ་ལོག་ནས་ཐུག་པ་འཕྲོ་བརླག་ཏུ་བཏང་།དགེ་རྒན་གྱིས་ང་ལ་བཀའ་བཀྱོན་གནང་ནས་འཐུང་ཚར་རྗེས་མྱུར་དུ་གཙང་སྦྲ་བྱས་ཟེར།ངའི་སེམས་ཧ་ཅང་སྐྱོ་བ་དང་།ངོ་ཡང་ཚ་ནས་གཙང་སྦྲ་བྱས།

        དེ་ནས་ངའི་སེམས་ལ་ཐུག་པ་སོགས་འཕོ་ན།  རང་གི་བསོད་ནམས་ཟད་འགྲོ་བསམ།ཤག་ལ་འགྲོ་སྐབས་དོན་དག་དེ་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་སོང་། དགེ་སྤུན་གྱིས་ནུབ་ཚ་དྲི་ཞིམ་ཅན་ཞིག་བསྐོལ་ནས་འཐུང་རྗེས།  ཁྱམས་ནས་ལས་བྱ་འབྲི་སྐབས་ཁ་བ་འབབ་བཞིན་འདུག 

        དེ་མཐོང་ནས་ངས་སེམས་ལ་སྔོན་ཆད་སྐྱེས་བུ་དམ་པ་ཚོས་ཡང་དཀའ་བ་སྤྱད་ནས་སློབ་སྦྱོང་བྱས།  ང་ཚོས་ཡང་དེ་ལྟར་བྱེད་དགོས་བསམ་ནས་སྦྱངས། ཨ་ཁུས་གློག་མཆོད་ཁང་ཀླད་ནས་བཀར་བ་དང་ཆབས་ཅིག་ངེད་དགེ་སྤུན་ཚོ་དཀྱིལ་འཁོར་དང་འདུ་ཁང་ལ་མཇལ་དུ་སོང་བ་དང་།དེར་མཆོད་མཇལ་བ་མང་པོ་ཡོད་ལ།ད་རུང་འདུ་ཁང་རྣམས་དང་གྲྭ་ཤག་སོགས་ཀྱི་གློག་གི་སྒྲོན་མེ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད་དོ།།


7b0f482309f79052cff80eba0ef3d7ca79cbd5fe.jpg

ཉིན་ཐོ།


                      ཟླ་བ་རྒྱལ་མཚན།   འཛིན་གྲྭ་གཉིས་པ།
       

                      ༢༠༡༦.༤.༢༡ཉིན།   གཟའ་པ་སངས། གནམ་ངོ་བཟང་།


        དེ་རིང་ཕྱི་དྲོའི་སློབ་ཐུན་གཉིས་པ་དཔེ་ཀློག་སློབ་ཐུན་ཡིན་པས་དགེ་རྒན་དམ་པ་འཇམ་དབྱངས་ཡོང་ནས་ང་ཚོ་ལ་ཉམས་པ་རྣམ་གསུམ་ཁྲིད་པ་ཡིན།

        དེའི་དང་པོ་ཁྱིམ་པའི་རྟགས་སྤོང་བ་ལས་ཉམས་པ་ནི་གོས་དཀར་བོ་གྱོན་པ་དང་། དོར་ཐུང་དང་ཕུ་ཐུང་ཅན་གྱོན་པ་སྐྲ་དང་ཁ་སྤུ་རིང་བོ་འཇོག་པ་སོགས་ཡིན་ལ། ཆ་རྐྱེན་ཡོད་ན་སྐྲ་དང་ཁ་སྤུ་སོར་གཅིག་ལས་བཞག་མི་ཆོག

        མིག་སྤུ་དང་མཆན་སྤུ་སོགས་བྲེག་ན་ཉེས་བྱས་འབྱུང་བ་ཡིན། སེན་མོ་འབྲེག་དུས་ཁབ་རྩེ་ལྟར་བྲེག་མི་ཆོག སྐྲ་བཞར་དུས་གཙུག་ལག་ཁང་དང་དགེ་འདུན་འདུ་སའི་གནས་སུ་སྐྲ་བཞར་མི་ཆོག་པ་དང་ད་དུང་སྐྲ་བཞར་ཚར་རྗེས་དགེ་འདུན་འདུ་སའི་གནས་དང་གདན་སྟེང་སོགས་ལ་གཙང་སྦྲ་ཡག་པོ་བྱེད་དགོས།

        དེ་ལས་གཞན་པའི་འདོད་ཆུང་ཆོག་ཤེས་ཤིག་ཡིན་དགོས། ངའི་བསམ་ཚུལ་ནི་ཆོས་གྲོགས་རྣམས་ཀྱིས་འདི་ལྟར་སྒྲུབ་ནས་ཁྱིམ་པའི་རྟགས་སྤོང་བ་ལས་མ་ཉམས་དགོས། གཉིས་པ་རབ་བྱུང་གི་རྟགས་ལེན་པ་ལས་ཉམས་པ་ནི་བླ་གོས་དང་མཐིང་གོས་སོགས་ཡོད་ན་ལུས་དང་མི་འབྲལ་བ།གསོ་སྤྱོང་ལ་འགྲོ་བའི་སྐབས་སུ་གདིང་བ་འཁྱེར་དགོས།

        དེ་ལས་གཞན་སྐྲ་དང་འུག་པའི་སྒྲོ་ལས་བཟོས་པའི་གོས་མི་གྱོན་པ། དེ་ནི་ཕྱི་རོལ་བའི་ཆ་ལུགས་ཤིག་ཡིན། གསུམ་པ་མཁན་པོར་གསོལ་བ་བཏབ་པ་ལས་ཉམས་པ་ནི་མཁན་པོ་ལ་གུས་བཀུར་མི་བྱེད་པ་དང་།མཁན་པོ་ལ་ཕ་ལྟ་བུའི་འདུ་ཤེས་མི་འཇོག་པ་སོགས་དང་། མཁན་པོ་ཕེབས་དུས་སྔོན་དུ་སོང་ནས་འདུག་སར་གྲ་སྒྲིག་དགོས་པ་སོགས་གསུངས།
        དགེ་རྒན་བཀའ་དྲིན་ཅན་གྱིས་གསུང་བ་རྣམས་ང་ཚོ་ཆོས་གྲོགས་རྣམས་ཀྱིས་འདི་ལྟར་བསྒྲུབ་ན་བཟང་།


IMG_5575.JPG

ཉིན་ཐོ།

                      བསྟན་འཛིན་རྒྱ་མཚོ། ལོ༡༢ འཛིན་གྲྭ་གཉིས་པ།


                      ༢༠༡༦.༥.༢༢    གཟའ་ཉི་མ།      གནམ་དྭངས།


        ངས་དེ་རིང་གློག་གི་རྒྱུ་མ་བཙལ་སྐབས་འབུ་ཞིག་སྡོམ་ཐག་ལ་འབྱར་ནས་འགྲོ་མ་ཐུབ།  དེ་ནས་སྡོམ་ཡོང་།  ངས་འབུ་དེ་སྐྱོབ་ན་འདོད། འོན་ཀྱང་ངའི་སེམས་སུ་འབུ་བསྐྱབས་ན་སྡོམ་དེའི་ཁ་ནང་ལ་ཟ་མ་མི་ཡོང་།  ཡང་འབུ་དེ་མ་བསྐྱབ་ན་འབུ་དེ་འཆི་བ་རེད། ངས་ཅི་བྱེད་བྱེད་དགོས་པ་མི་ཤེས།   དེ་གཉིས་ཀྱི་གང་བསྐྱབ་ན་བཟང་མི་ཤེས། དེ་ནས་ངས་མིག་བཙུམས་ཏེ་བུད་སོང།
 
 


IMG_5565.JPG


ཉིན་ཐོ།         

                     རབ་གསལ་རྒྱ་མཚོ། ལོ༡༤ འཛིན་གྲྭ་གཉིས་པ།


                    ༢༠༡༦.༥.༢༥ གཟའ་ལྷག་པ།    གནམ་དྭངས།


        དེ་རིང་བསྟན་འཛིན་གྱི་ཉིན་ཐོ་ང་ཚོ་ལ་བཏོན་པ་ཡིན།བསྟན་འཛིན་གྱི་ཉིན་ཐོའི་ནང་དུ་ཁོས་འདི་ལྟར་ཟེར།འབུ་ཞིག་སྡོམ་ཚང་ནང་དུ་ཡོད་པ་ཁོས་རིག་ནས་སྐྱོབ་འདོད་གལ་ཏེ་འབུ་བསྐྱབས་ན་སྡོམ་ལ་ཟ་མ་མེད་འདོད་ནས་མིག་བཙུམས་ནས་བུད་སོང་ཟེར།

        ངའི་སེམས་ལ་འབུ་དེ་སྐྱོབ་དགོས་ན་སྡོམ་དེ་ལ་ཤ་ཆུང་ཆུང་ཞིག་བཞག་ན་སྡོམ་དེ་ལ་ཟ་མ་ཟ་རྒྱུ་ཡོད།  གལ་ཏེ་འབུ་དེ་མ་བསྐྱབ་ན་སྡོམ་ལ་ཟ་མ་ཡོད་ཀྱང་འབུ་དེ་ལ་ཟ་རིན་མེད་།  སྡོམ་གྱི་གྲོད་པ་ད་དུང་ཡང་ལྟོགས་པ་ཡིན།དེ་ནས་ཡང་སྡོམ་གྱིས་འབུ་ཞིག་བཟུང་ནས་ཟ་ངེས་ཡིན།དེ་ལས་ཤ་ཆུང་ཆུང་ཞིག་བཞག་ན་སྡོམ་གྱི་གྲོད་པ་མི་ལྟོགས་པ་རེད།
 

                                                      རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 


བརྒྱུད་འགོད།