འཆི་ཁར་རབ་ཏུ་བྱུང་བའི་རྒྱལ་སྲས།

    སྤེལ་དུས།  2015-12-06 23:28:47     རྩོམ་པ་པོ།   རྒྱ་གྲོལ།    ཀློག་ཐེངས།  


       

ཉིན་ཞིགབཅོམ་ལྡན་འདས་བསོད་སྙོམས་ཀྱི་ཕྱིར་མཉན་ཡོད་ཀྱི་གྲོང་ཁྱེར་དུ་ཕེབས་སོ༎
       དེའི་ཚེ།བཅོམ་ལྡན་འདས་རྒྱང་རིང་བོ་ནས་རྒྱལ་བོ་གསལ་རྒྱལ་གྱིས་ལམ་གྱི་བཞི་མདོར་མི་མང་བོ་བསྡུས་ཏེ་ན་གཞོན་ཞིག་ལ་སྲོག་ཁྲིམས་གཅོད་པ་གཟིགས་སོ༎
     བཅོམ་ལྡན་འདས་ཉེ་བར་ཕེབས་པ་དང་།ན་གཞོན་དེས་བཅོམ་ལྡན་འདས་མཐོང་སྟེ།བཅོམ་ལྡན་འདས།བདག་གིས་སྲོག་སྐྱོབ་རོགས་ཞེས་ཆོ་ངེ་དང་བཅས་སྙིང་རྗེ་རྗེར་ངུ་འབོད་བྱེད།
བཅོམ་ལྡན་འདས་ཉེ་སར་ཕེབས་པ་དང་རྒྱལ་བོ་དང་མི་མང་བོ་དག་གིས་བཅོམ་ལྡན་འདས་ལ་ཕྱག་བྱས་སོ༎
བཅོམ་ལྡན་འདས་ཀྱིས།རྒྱལ་བོ་ཆེན་པོ།ན་གཞོན་འདིས་ཉེས་པ་ཅི་ཞིག་བྱས་སམ་ཞེས་དྲིས།
རྒྱལ་བོ་གསལ་རྒྱལ་གྱིས།བཅོམ་ལྡན་འདས།འདི་རྒྱལ་བོ་ཚངས་བྱིན་གྱི་བུ་ཁྱེའུ་བདེ་བྱེད་དེ།བདག་གི་བཙུན་མོ་བདེ་བྱེད་མའི་མིང་བོ་ལགས་སོ།།
ཚངས་བྱིན་གྱི་སྲས་མོ་བདེ་བྱེད་མ་བདག་གི་བཙུན་མོར་ལེན་དུས།འདི་ཤིན་ཏུ་ཆུང་ཞིང་བདེ་བྱེད་མ་དང་ཤིན་ཏུ་བརྩེ་བས་འབྲལ་མ་ཐུབ་པར་བདེ་བྱེད་མའི་རྗེས་འབྲངས་ནས་འདི་ཡོང་ངོ་༎
རིམ་བཞིན་ལང་ཚོ་རྒྱས་ཏེ་བག་མེད་ལ་གོམས་པས་རྒྱུན་དུ་སྨད་འཚོང་མའི་གནས་སུ་འགྲོ་བ་དང་།ཚུལ་མིན་སྤྱོད་པ་མང་བོ་བྱས་པས།བདག་དང་།བཙུན་མོ་བདེ་བྱེད་མ་དང་།རྒྱལ་བོ་ཚངས་བྱིན་བཅས་ཀྱིས་ཁ་ཏ་ཡང་ཡང་བྱས་ནའང་།ཕན་པ་ཅི་ཡང་མེད་པའི་ཁར་ད་དུང་ཁོ་བོ་ཅག་ལ་འཁོན་པར་བྱེད་དོ༎
དེ་བས་བདག་ཅག་ཡིད་ཆད་ཅིང་ཅི་བྱ་གཏོལ་ལ་བྲལ་བས།རྒྱལ་བོ་ཚངས་བྱིན་གྱིས་ཀྱང་རང་གི་བུ་མ་ཡིན་པར་བསྒྲགས་ཤིང་།བདག་གིས་ཀྱང་ཕོ་བྲང་ནས་གནས་དབྱུང་སྟེ།ཕྱིར་འོང་མི་ཆོག་པར་བྱས་སོ།།
དེ་བས་མ་རུང་བ་འདིར་འཁོན་འཛིན་གྱི་སེམས་སྐྱེས་ཏེ་རྒྱུན་དུ་བདག་ལ་འཁོན་ལན་སློག་པའི་གོ་སྐབས་འཚོལ་ཞིང་།དེ་རིང་བདག་ཕོ་བྲང་གི་ཡང་སྟེང་དུ་པི་ཝང་སྦྲེངས་དུས།འདིས་བདག་གསད་ཕྱིར་ལྐོག་ནས་མདའ་འཕངས་སོ།།ཡིན་ནའང་།སྟབས་ལེགས་པ་ཞིག་ལ་བདག་ལ་མ་ཕོག་པར་པི་ཝང་ལ་ཕོག་སྟེ་རྒྱུད་བཅད་ནས་ས་ལ་ལྷུང་།
དེ་བས་བདག་གིས་འབངས་ཐམས་ཅད་བསྡུས་ནས་མ་རུང་བ་འདི་ཤགས་ཀྱིས་ཕམ་པར་བྱས་ཏེ་ལམ་གྱི་གཞི་མདོ་འདིར་ཁྲིད་འོང་ནས་གཤེད་མ་ལ་གཏད་དེ་གསོད་པ་ཡིན་ནོ༎
བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་རྒྱལ་བོ་ལ།རྒྱལ་བོ་ཆེན་པོ་ཁྱེའུ་དེ་ཐོངས་ཤིག་ཅེས་གསུངས་སོ།།
རྒྱལ་བོ་གསལ་རྒྱལ་གྱིས།གལ་ཏེ་མ་རུང་བ་འདི་རབ་ཏུ་བྱུང་ན་བདག་གིས་གཏོང་ངོ་།།རབ་ཏུ་དབྱུང་མི་ནུས་ན་གསོད་དོ།།ཞེས་སྨྲས་པས།ཁྱེའུ་བདེ་བྱེད་ཀྱིས་ཀྱང་དགའ་བས་ཁས་བླངས་པས།རྒྱལ་བོས་ཀྱང་བཅོམ་ལྡན་འདས་ལ་ཕུལ།
བཅོམ་ལྡན་འདས་ཀྱིས་ཁྱེའུ་བདེ་བྱེད་ཁྲིད་ནས་རྒྱལ་བྱེད་ཀྱི་ཚལ་དུ་ཕེབས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ལུང་ཡང་ཕོག་ཅིང་།དེས་ཀྱང་བརྩོན་པ་ཆེན་པོ་བསྟེན་ནས་མི་རིང་བར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ།།
དགེ་སློང་རྣམས་ཀྱིས་ཚུལ་དེ་མཐོང་ནས་ངོ་མཚར་ཏེ།བཅོམ་ལྡན་འདས་ལ།བཅོམ་ལྡན་འདས།ཁྱེའུ་བདེ་བྱེད་སྔོན་བག་མེད་དུ་གྱུར་ཏེ།རྒྱལ་བོས་ཀྱང་ལྡོག་པར་མ་ནུས་པར་ཁྲིམས་ལ་སྦྱར་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྐྱབས་ཤིང་།རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་ཏེ་དགྲ་བཅོམ་པར་གྱུར་པ་ཡིན་ནམ།
བཅོམ་ལྡན་འདས་ཀྱིས་བདག་གིས་སྐྱེ་བ་འདི་ཁོ་ནར་བདེ་བྱེད་བསྐྱབས་པ་མིན་ཏེ།སྐྱེ་བ་དུ་མརརྒྱལ་བོའི་འཇིགས་པ་ལས་བསྐྱབས་ཏེ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་དོ༎
བཅོམ་ལྡན་འདས།ཚུལ་དེ་བདག་ཅག་རྣམས་ལ་གསུང་དུ་གསོལ།དགེ་སློང་དག་གིས་མགྲིན་གཅིག་ཏུ་དེ་སྐད་ཅེས་ཞུས།
སྔོན་ཝ་རཱ་ཎ་སིའི་རྒྱལ་བོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་བྱེད་པའི་ཚེ།མི་ཞིག་སྤྱོད་པ་འཆལ་ཏེ་ལོག་གཡེམ་བྱས་པས་རྒྱལ་བོས་གསོད་ཁྲིམས་བཅས་པའི་ཚེ།དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་རྫུ་འཕྲུལ་དང་མཐུ་ཆེ་བ་ཞིག་ཡོད་པ་དེས།རྒྱལ་བོ་ལ་གསོལ་ཏེ་སྲོག་གི་ཆད་པ་ལས་ཐར་བར་བྱས་སོ།།
དེ་ནས་མི་དེ་དཀའ་ཐུབ་ཀྱི་ནགས་སུ་ཁྲིད་ནས་རབ་ཏུ་བྱུང་ཞིང་ལུང་ཕོག་པས་མི་དེས་བསམ་གཏན་བཞི་དང་མངོན་པ་ཤེས་པ་ལྔ་ཡང་ཐོབ་བོ།།དེའི་དུས་ཀྱི་དྲང་སྲོང་དེ་ནི་ང་ཡིན་ལ།མི་དེ་ནི་ཁྱེའུ་བདེ་བྱེད་དང་།རྒྱལ་བོ་དེ་ནི་གསལ་རྒྱལ་ཡིན་ནོ།།
འོ་ན་རྐྱེན་གང་གིས་རྒྱལ་བོའི་རིགས་སུ་སྐྱེས་ནས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པར་གྱུར་པ་ཡིན་ནམ།
སྔོན་སངས་རྒྱས་འོད་སྲུང་གི་དུས།དགེ་སློང་རྣམས་ལ་ཞལ་ཏ་བ་ཞིག་ཡོད་དེ།དེ་ནི་ཁྱེའུ་བདེ་བྱེད་འདི་ཡིན་ནོ༎དེའི་ཚེ་བདེ་བྱེད་ཀྱིས་ཆོས་བཞིན་དུ་དགེ་འདུན་ལ་ཞལ་ཏ་བྱས་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་པ་དང་།བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་དང་བྱམས་པ་བསྒོམས་པ་སོགས་ཀྱི་ཕན་ཡོན་བསྟན་ཏོ།།
དེའི་དགེ་བའི་འབྲས་བུར་ད་ལྟ་རྒྱལ་བོའི་རིགས་སུ་སྐྱེས་ཤིང་།གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཅིང་།སྐབས་དེར་ཚངས་པར་སྤྱད་ཅིང་སྨོན་ལམ་རྣམ་པར་དག་པ་བཏབ་པས།དེའི་དགེ་བའི་སྟོབས་ཀྱིས་ད་ལྟར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་པ་ཡིན་ནོ།།
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང་།དགེ་སློང་དག་གིས་ལོག་གཡེམ་གྱི་ཉེས་པ་ཤེས་ཤིང་།ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་ལ་ངེས་པ་སྐྱེས་ཏེ་རང་རང་སར་སོང་ནས་ཚུལ་ཁྲིམས་རྣམས་པར་དག་པར་བརྩོན་པར་མཛད་དོ༎

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn

བརྒྱུད་འགོད།