གངས་ལྗོངས་གནམ་རིག་སྐར་རྩིས་ཀྱི་གསང་བའི་ལྡེ་མིག---བློ་བཟང་བསྟན་འཛིན

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-10-24 13:04:47     རྩོམ་པ་པོ།   རྒྱ་ཡིག་གི་གསར་འགྱུར་ལས་བསྒྱུར    ཀློག་ཐེངས།  

 བློ་བཟང་བསྟན་འཛིན།ཀན་སུའུ་བསང་ཆུ་རྫོང་གི་ཡིན།

     ད་ལྟ་བོད་རང་སྐྱོང་ལྗོངས་གནམ་རིག་སྐར་རྩིས་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱུན་སྤྱོད་གྲངས་རིག་དང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་བློ་འདྲི་ས། ཀན་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།
      སྤྱི་ལོ་ ༡༩༨༥ ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བོད་རིག་རིག་པའི་མཁས་དབང་དགེ་བའི་བཤེས་གཉེན་རྩིས་རམས་པ་ཆེན་མོ་བསམ་འགྲུབ་རྒྱ་མཚོ་མཆོག་གི་ཞབས་ལ་གཏུགས་ཏེ་སློབ་གཉེར་གནང་བ་དང་། སྤྱི་ལོ་ ༡༩༩༦ ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རྒྱལ་ཡོངས་གནམ་རིག་སྐར་རྩིས་ཟབ་སྦྱོང་འཛིན་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་།
     སྤྱི་ལོ་ ༢༠༠༣ ལོར་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོར་གདན་ཞུས་ལྟར་གནམ་རིག་སྐར་རྩིས་ཀྱི་སློབ་ཁྲིད་གནང་།
     སྤྱི་ལོ་ ༢༠༡༨ ལོར “ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གནམ་རིག་སྐར་རྩིས་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་ཁུལ་རིམ་པའི་མཚན་སྙན་” ཐོབ།
    ལོ་མང་རིང་བོད་ཀྱི་གནམ་རིག་སྐར་རྩིས་དང་ལེགས་སྦྱར་སྐད་ཀྱི་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་ལ་ཆེད་དུ་གཞོལ་བཞིན་ཡོད།
     བསྡུས་དོན།
     བོད་ཀྱི་དུས་འཁོར་ལུགས་ཀྱི་རྩིས་གཞུང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཚེས་གྲངས་ཆད་པ་དང་ཚེས་གྲངས་ལྷག་པ་ནི། ཉིན་ཞག་དང་ཚེས་ཞག་གི་ཡུན་ཚད་གྱི་ཁྱད་པར་སྙོམས་སྒྲིག་བྱེད་པའི་ཐུན་མོང་མ་ཡིན་པའི་གསར་གཏོད་ཅིག་ཡིན་ཞིང་། བོད་ཀྱི་གནའ་བོའི་སྐར་རྩིས་ཀྱི་ཤེས་རབ་མཚོན་པར་བྱེད་པའི་གནད་འདུས་ཀྱི་རིག་གཞུང་ཞིག་ཀྱང་ཡིན།
     བོད་ཀྱི་གནམ་རིག་སྐར་རྩིས་ནི་དུས་འཁོར་གྱི་གཞུང་དང་། རྒྱ་ནག་སོགས་རྩིས་གཞུང་གི་གྲུབ་འབྲས་བསྡུ་ལེན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། ཉིན་ཞག ཚེས་ཞག ཁྱིམ་ཞག་སྟེ་ ཞག་གསུམ་གྱི་རྣམ་གཞག་རྨང་གཞིར་བཟུང་ནས་རྩིས་ཀྱི་སྒྲིག་གཞི་བཙུགས་ཡོད། ཉིན་ཚེས་ལྷག་ཆད་ཀྱི་ཁ་ཚོན་གཅོད་པ་དེས་བོད་ལུགས་ལོ་ཟླའི་ཆེ་ཆུང་ཐད་ཀར་ཐག་གཅོད་བྱེད་པ་མ་ཟད། ཉི་ཟླ་གཟའ་འཛིན་དང་གཟའ་བདུན་གྱི་འཁོར་ཚུལ་རྩི་བ་སོགས་ལའང་ཕན་ཐོག་བྱེད་པས། གནམ་རིག་རྩིས་ཀྱི་ཚད་འཇལ་དང་དམངས་སྲོལ་དུས་བཟང་འདེམས་པའི་རིན་ཐང་གཉིས་ཀ་ལྡན་པ་ཞིག་ཡིན།
      རྩོམ་ཡིག་འདིར་ཤེལ་དཀར་མེ་ལོང་དང་། ཉི་མའི་འོད། སྐར་རྩིས་ཀུན་འདུས་ནོར་བུ་སོགས་བོད་ཀྱི་སྐར་རྩིས་གཞུང་གི་གཞུང་ལུགས་གཙོ་བོ་རྣམས་དཔྱད་གཞིར་བཟུང་སྟེ། དུས་འཁོར་ལུགས་ཀྱི་རྩིས་གཞུང་གི་སྲོལ་འབྱེད་པ་དང་ལག་ལེན་་གཉིས་ཀྱིས་ཉིན་ཚེས་ལྷག་ཆད་ཀྱི་ཐོག་མའི་རྩིས་ཐབས་དང་། རྩིས་འཁོར་གྱི་སྒྲིག་སྲོལ། ཁ་ཚོན་གཅོད་པའི་ཚད་གཞི་བཅས་ལ་གོ་རིམ་བསྒྲིགས་ཤིང་། ཚེས་ཞག་གི་རིང་ཐུང་གི་འགྱུར་བ་ལས་ཉིན་ཚེས་ལྷག་ཆད་འབྱུང་བའི་གནམ་རིག་གི་རྩ་དོན་གསལ་བར་བྱས་པ་སྟེ། ཚེས་ཞག་གི་ཆུ་ཚོད་ཉིན་ཞག་གི་ཆུ་ཚོད་ལས་རིང་ན་ཚེས་ལྷག་པ་དང་། ཐུང་ན་ཚེས་ཆད་པར་འགྱུར་བའི་ཚུལ་བསྟན་ཡོད།
     
གྲངས་རྩིས་ཀྱི་ལག་ཆར་བརྟེན་ནས་གནའ་བོའི་རྩིས་ཀྱི་རིགས་པ་འཕེལ་རིམ་བསྐྱར་དུ་མངོན་པར་བྱས་ཤིང་། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་བོད་ལུགས་ལོ་ཐོའི་ཡིག་ཆར་འཁོད་པའི་ཉིན་ཚེས་བསྐྱར་ཟློས་དང་ཆད་ལྷག་གི་ཟིན་ཐོ་རྣམས་ལ་དག་བཤེར་དང་ནོར་འཁྲུལ་གྱི་དབྱེ་ཞིབ་བྱས། ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི། སྲོལ་རྒྱུན་གྱི་ལུགས་གཉིས་ཀྱི་ཉིན་ཚེས་བསྐྱར་ཟློས་དང་ཆད་ལྷག་འདོར་ལེན་གྱི་སྒྲིག་སྲོལ་དང་ཚད་གཞིའི་ཐད་ལ་ཁྱད་པར་ཕྲ་མོ་ཡོད་པ་དང་། གནའ་བོའི་རྩིས་རིག་མཁས་པ་རྣམས་ཀྱིས་སྙོམ་སྒྲིག་གི་ལམ་སྲོལ་འདི་ལ་བརྟེན་ནས་ཚེས་ཟླའི་ཆོས་ཉིད་དང་མི་དམངས་ཀྱི་ཉིན་ཚེས་གཉིས་མཐུན་སྦྱོར་བྱས་ཡོད། དེ་དང་ཆབས་ཅིག་ཏུ། ཚེས་བསྐྱར་ཟློས་དང་ཆད་ལྷག་ནི་ཉིན་ཚེས་ལ་འཕར་སྣོན་དང་ཉུང་འཕྲི་བྱེད་པ་ཙམ་མ་ཡིན་པར། དེའི་རྒྱབ་ལྗོངས་སུ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བར་སྣང་དང་དུས་ཀྱི་ངོས་འཛིན་མ་ལག་ཟབ་མོ་ཞིག་མཆིས། ཞིབ་འཇུག་འདིས་བོད་ལུགས་ལི་ཐོའི་ཉིན་ཚེས་བསྐྱར་ཟློས་དང་ཆད་ལྷག་གི་རྩིས་ཐབས་ཀྱི་གྲངས་རིག་གི་རིགས་པའི་གཞུང་ལུགས་བསྐྱར་གསོ་བྱས་ཏེ། བོད་ཀྱི་མེས་པོ་རྣམས་ཀྱིས་ཉི་ཟླ་ལ་བརྟག་དཔྱད་དང་གཟའ་སྐར་གྱི་འགུལ་སྐྱོད་ལ་མཐུན་སྦྱོར་བྱེད་པའི་ལག་རྩལ་གྱི་ལམ་བུ་གསལ་སྟོན་བྱས་པ་མ་ཟད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་ལོ་རྒྱུས་ཞིབ་འཇུག་ལ་ཕུན་སུམ་ཚོགས་པ་བསྣན་ཞིང་། བོད་བརྒྱུད་ནང་བསྟན་གྱི་གནམ་རིག་སྐར་རྩིས་ཡིག་ཆ་རྣམས་གྲངས་ཀའི་ལམ་ནས་བསྐྱར་གསོ་དང་། ཤེས་རིག་མི་འདྲ་བའི་བར་གྱི་ལི་ཐོའི་མ་ལག་ལ་བསྡུར་བ་བྱེད་པར་དཔྱད་གཞི་མཁོ་འདོན་བྱས་ཡོད།
ཐ་སྙད་གཙོ་བོ།
     བོད་རྒྱུད་གནམ་རིག་སྐར་རྩིས། དུས་འཁོར་གྱི་རྩིས།  ཚེས་གྲངས་ཆད་ལྷག། གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་ལོ་རྒྱུས།

བརྒྱུད་འགོད།