སྤོབས་པས་རྒྱུགས་རར་འགྲོ་དགོས།

    སྤེལ་དུས།  2025-06-05 12:06:06         ཀློག་ཐེངས།  


མཐོ་རྒྱུགས་ནི་སློབ་མ་ཞིག་གིས་ངེས་པར་སྤྲད་དགོས་པའི་རྒྱུགས་ཤིག་ཡིན་ཞིང་།མི་ཚེ་འདིར་དཀའ་ངལ་ཆེ་བའི་རྒྱུགས་ཤིག་ཀྱང་ཡིན། སློབ་མ་ཞིག་ལ་མཚོན་ན་ཆེས་ཆེས་གལ་བའི་རྒྱུགས་དེ་ཡང་མཐོ་རྒྱུགས་ཡིན་ཏེ།མཐོ་རྒྱུགས་ནི་མི་ཚེའི་འགག་སྒོ་ཞིག་ཡིན་པའི་ཕྱིར་རོ། །

སློབ་འབྲིང་གི་སྦྱོང་བ་ཐམས་ཅད་མཐོ་རྒྱུགས་ཀྱི་གྲ་སྒྲིག་ཡིན་པས་སློབ་འབྲིང་གི་སྐབས་སུ་གྲ་སྒྲིག་ལེགས་པོ་ཞིག་བྱེད་པ་གལ་ཆེ། གྲ་སྒྲིག་བཟང་མིན་གང་ལྟར་ཡང་མཐོ་རྒྱུགས་སྐབས་སུ་སྤོབས་པ་ཆེན་པོས་རྒྱུགས་ར་དེར་ཞུགས་ཏེ། སྤོབས་པ་ཆེན་པོས་རྒྱུགས་ར་དེ་ནས་ཕྱིར་འབུད་དགོས།

མི་ཚེ་འདིར་བྱ་བ་གང་ལས་ན་སྤོབས་པ་དགོས་ཏེ།སྤོབས་པ་མེད་ན་བྱ་བ་གང་ཞིག་བསྒྲུབས་ཀྱང་བར་ཆད་ཆེ།རྒྱུགས་ལ་མཚོན་ནའང་དེ་བཞིན་སྤོབས་པ་དགོས་ཏེ།སེམས་ཚེགས་ནི་རང་གི་སྤོབས་པ་ཉམས་བྱེད་ཡིན་པས་རྒྱུགས་སྤྲོད་དུས་སེམས་ཚེགས་བྱས་ན་ཕན་པ་ལས་གནོད་པ་མང་བས་སྤོབས་པ་བསྐྱེད་ནས་སེམས་པ་ལྷོད་ལ་འབབ་དགོས།

འཇིག་རྟེན་འདིར་གནོད་སྐྱེལ་མཁན་ཞིག་ཡོད་པ་ནི་ཐེ་ཚོམ་དང་སེམས་ཚེགས།ལེ་ལོ་བཅས་ཡིན་ལ།རོགས་བྱེད་ཅིག་ཡོད་པ་ནི་ཡིད་ཆེས་དང་སྤོབས་པ།བརྩོན་པ་གསུམ་ཡིན་པ་ཤེས་དགོས།རང་གི་སེམས་མ་ཕན་ན་རང་ཉིད་མི་ཕམ་ལ།རང་ལ་སྤོབས་པ་ཆེ་ན་རང་ཉིད་རྣམ་པར་རྒྱལ་ངེས།

རྒྱུགས་འབྲས་ག་འདྲ་ཞིག་འབྱུང་མིན་ནི་གཙོ་བོར་རང་གི་སློབ་འབྲིང་གི་སློབ་སྦྱོང་གིས་ཐག་གཅོད་པ་གཞན་སུས་ཀྱང་ཐག་གཅོད་མི་ཐུབ།  ཡིན་ནའང་སྤོབས་པ་མེད་ན་ལོ་མང་བོར་སྦྱངས་པ་དག་ལ་རམ་འདེགས་བྱེད་མཁན་མེད་པར་སྦྱངས་པ་དག་མངོན་དུ་འགྱུར་མི་ཐུབ།

མཐོ་རྒྱུགས་ཀྱི་སྐབས་འདིར་དོན་དག་འདྲ་མི་འདྲ་མང་བོ་བྱུང་དང་འབྱུང་བཞིན་ཡོད།དེའི་རྒྱུ་མཚན་ཅི་རེད། དེ་ནི་སློབ་མ་རྣམས་སེམས་མ་སྐྱིད་པའི་དབང་གིས་བྱུང་བ་རེད།

བུད་མེད་ཅིག་གིས་ངེད་ཚང་གི་བྱིས་པ་སྤྱིར་ན་བཞིན་བཟང་ཡ་རབས་ཤིག་ཡིན་མོད།ད་ལྟ་སྤོ་ཆེ་ཞིང་ཁ་ལན་སློག་པ་སོགས་སུ་གྱུར་འདུག་ཟེར། བྱིས་པ་རྣམས་ལ་ཁག་མེད།མཐོ་རྒྱུགས་ཀྱི་སྐབས་འདིར་སེམས་ཚེགས་རི་བོ་ལྟ་བུ་ཞིག་གིས་ནོན་ཡོད་པས་སེམས་མ་སྐྱིད་པ་རེད།སེམས་མ་སྐྱིད་པས་དོན་དག་སྣ་ཚོགས་བྱུང་།དེ་བས་སེམས་བདེ་ལ་ཕོབས་དང་།རང་གིས་རང་ལ་གནར་གཅོད་བྱས་པས་དགོས་པ་མེད།

རྒྱུགས་ལེན་ལ་ཉེ་བའི་དུས་འདིར་རྒྱུགས་འབྲས་ཇི་འདྲ་ཞིག་འབྱུང་མིན་དང་སློབ་གྲྭ་ཆེན་མོར་འགྲོ་ཐུབ་མིན་ལ་འདང་མ་རྒྱག  སེམས་ཚེགས་བྱས་ན་དེས་ཕན་མི་ཐོགས་ཤིང་། སྤོབས་པ་ཡོད་ན་རམ་འདེགས་ཤིག་ཡོད་པ་ཡིན།

རང་ལ་བར་ཆད་མི་འབྱུང་བ་དང་། མཐུན་རྐྱེན་འཛོམས་པའི་ཆེད་དུ་སྐྱབས་འགྲོ་གསུང་ན་ཕན་ཏེ།ནང་བ་སངས་རྒྱས་པས་བྱ་བ་གང་བྱེད་ནའང་ཐོག་མར་དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས།སྐྱབས་སུ་སོང་ན་དོན་འགྲུབ་ངེས།

རྗེ་བཙུན་སྒྲོལ་མ་འཕྲིན་ལས་ཀྱི་ལྷ་ཡིན་པས་སྒྲོལ་མ་བཏོན་ནས་གསོལ་བ་འདེབས་པ་གལ་ཆེ།འཕྲིན་ལས་ཀྱི་ལྷ་ཟེར་བ་ནི་དོན་སྒྲུབ་པ་ལ་མགོན་སྐྱབས་མཛད་པའི་ལྷ་ཡིན་པས་ཁོང་བསྟེན་ན་ལས་ལ་བར་ཆད་མི་འབྱུང་བ་དང་བྱ་བ་བདེ་བླག་ཏུ་འགྲུབ་པར་ཕན་པ་ཆེ།

རང་གི་སྲུང་མ་ནི་རང་གི་ཁྱིམ་ལ་སྲུང་མཁན་ཡིན་པས་དེར་སྐྱིད་སྡུག་ཞུ་བ་ནི་ཕ་མ་ལ་སྐྱིད་སྡུག་ཞུ་དང་འདྲ། རང་གི་སྲུང་མ་ལ་མཆོད་བཀུར་བྱེད་པ་ལས་གང་ཡིན་ཡིན་ལ་མཆོད་བཀུར་མ་བྱེད།

རྒྱུགས་ཀྱི་སྐབས་སུ་བཀྲ་ཤིས་པ་འབྱུང་བའི་སླད་དུ་བཀྲ་ཤིས་བརྩེགས་པ་འགའ་གསུང་ཐུབ་ན་ལེགས།

སློབ་ཆེན་ལ་རྒྱུགས་འཕྲོད་ན་མི་ཚེ་འདིར་གོ་སྐབས་ལེགས་པོ་ཞིག་ཐོབ་པ་ཡིན་པས་སློབ་མ་ཞིག་ལ་མཚོན་ན་སློབ་ཆེན་ལ་འགྲིམས་མ་ཐུབ་ན་ཡིད་ཕངས་པ་ཞིག་ཡིན་མོད།མི་ཚེ་འདིའི་གོ་སྐབས་ལེགས་པོ་མང་བོ་ད་དུང་བཙལ་ཆོག་པས་ཡིད་ཕམ་དགོས་པ་ཞིག་མིན།  འཇིག་རྟེན་འདིར་ལམ་གྱིས་གང་ཡོད་པས་ལམ་གྱི་གདམ་ག་རང་གིས་བྱ་དགོས་པ་ཡིན།

སང་ཉིན་རྒྱུགས་ལེན་དུས་དོ་དགུང་ངལ་གསོ་ལེགས་པོ་ཞིག་བྱ་དགོས།ཅུང་ཡུན་རིང་ལ་གཉིད་ལུས་དང་སེམས་ཀྱི་ངལ་བ་གསོ་དགོས།དེ་ལྟར་བྱས་ན་ལུས་བདེ་ཞིང་རིག་པ་དྭངས་པས་རྒྱུགས་ལེགས་པོ་སྤྲོད་པ་ལ་ཕན་པ་ཡོད།

རང་གི་ལྷག་པའི་ལྷ་རྗེ་བཙུན་སྒྲོལ་མ་དང་སྲུང་མ་ལ་སྐྱབས་འཇུག་ཞུས་ནས་རྒྱུགས་རར་འགྲོ་བ་དང་།རྒྱུགས་འབྲི་དུས་རྣམ་ཤེས་གཅིག་ཏུ་གཏོད།བསམ་བློ་ཞིབ་མོ་ཐོངས།དུས་ཚོད་གཅེས་སུ་ཟུངས།འདི་ནི་གནད་འགག་གི་དུས་ཡིན།

མཇུག་ཏུ་ཁྱོད་ཀྱི་རྒྱུགས་ཀྱི་སྐབས་སུ་རང་གི་ནུས་པ་ཡོད་ཚད་འདོན་ཐུབ་ཅིང་འགྱོད་པའི་རྐྱེན་ཞིག་མི་འབྱུང་བར་སྨོན།

2025ལོའི་སྤྱི་ཟླ་དྲུག་པའི་ཚེས་གསུམ་དང་བཞི་ལ་མཐོ་རྒྱུགས་སྤྲོད་མཁན་འགའ་ལ་གཞེན་སྐུལ་གྱི་ཚུལ་དུ་ཐོ་རེ་བྲིས་པ་གཅིག་ཏུ་བསྡོམས་པའོ།།


བརྒྱུད་འགོད།