སྲོང་བཙན་དཔེ་ཁང་གི་གསལ་བརྡ།

དགེ་ཚོགས་འབུམ་གྱིས་བཞད་པའི་པད་ཚལ་དུ།།
རྣམ་འདྲེན་སྟོང་གི་ཐུགས་རྗེ་ཉི་འོད་འཁྱིལ།།
མདོ་སྔགས་ཟུང་གིས་སྦྱར་བའི་བསུང་ཞིམ་ལ།།
སྐལ་བཟང་བུང་བ་དགའ་བས་རྩེན་པར་ཤོག །
དེ་ཡང་ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་སྲོང་བཙན་དཔེ་མཛོད་ཁང་ནི་སྔོན་གྱི་ལྷ་ཁང་སེར་ལྡང་མར་གྲགས་པ་དེ་ཉིད་ཀྱི་ཤུལ་དུ་བསྐྱར་བཞེངས་བགྱི་བ་དང་། སྟེང་མ་རྗེ་ལྷ་ཁང་དང་། འོག་ཏུ་བདེ་ཆེན་ཀུན་གཟིགས་གླིང་། དེའི་འོག་ཏུ་སྲོང་བཙན་དཔེ་ཁང་འདི་ཉིད་བཞུགས་པས་དཔེ་ཆའང་ཅུང་འཛོམས་པས་སྐྱ་སེར་དཔེ་ཆ་བ་དག་འདིར་ཕེབས་ནས་དཔེ་གཟིགས་གནང་ཆོག །
ད་རེས་རང་དགེ་བཤེས་དང་རྒན་པ་ཁ་ཤས་ཀྱི་ཐུགས་བཀོད་བཞིན་དཔེ་ཆ་མང་བོ་ཆུད་ཟོས་དང་ལྷག་ལུས་སུ་མི་འགྱུར་བའི་ཆེད་དུ་སྲོང་བཙན་དཔེ་ཁང་གི་དཔེ་ཆ་འབུལ་ལེན་སྟེགས་བུ་འདི་ཉིད་བསྐྲུན་པ་ཡིན།
སྟེགས་བུ་འདིའི་དགོས་པ་ནི་གཞུང་སྒེར་སྐྱ་སེར་སུ་ཡིན་རུང་། རང་ལ་ཡོད་པའི་དཔེ་ཆ་ལྷག་མ་རྣམས་དཔེ་སྟེགས་འདིར་བཞག་ཆོག་པ་དང་། དཔེ་སྟེགས་འདིར་བཞུགས་པའི་རང་ལ་མཁོ་བ་དག་ཀྱང་དཀོར་གཉེར་ལ་ཐོ་བཀོད་རྗེས་འདོད་མོས་ལྟར་བླངས་ནས་སློབ་གཉེར་གྱི་རྟེན་དུ་འཁྱེར་ཆོག་པ་བཅས་ཡིན་པ་ཐུགས་ལ་འཛིན་པར་ཞུ།

ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་སྲོང་བཙན་དཔེ་མཛོད་ཁང་ནས་ཕུལ།
2025/4/23ཉིན།
