མང་རའི་བུད་མེད་མ་བུ་གཉིས་ཀྱིས་ལམ་རིམ་ཆེན་མོ་ཚར་སུམ་བརྒྱ་གསུངས་པར་མངོན་པར་བསྟོད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-04-07 15:09:24     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དེ་རིང་མང་རའི་ལོ་བ་གོང་མའི་བུ་མོ་ཞིག་ཡོང་ནས་མོས་ལོ་ལྔའི་རིང་ལ་ལམ་རིམ་ཆེན་མོ་ཚར་བརྒྱ་ཐམ་པ་བཀླགས་ནས་དེ་རིང་གྲུབ་ཅིང་།  དེའི་དགེ་བའི་རྩ་བ་དྲིན་ཆེན་རྩ་བའི་བླ་མ་གཙོར་བྱས་ཏེ།བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བརྟན་ཞིང་། མར་གྱུར་སེམས་ཅན་ཐམས་ཅད་སངས་རྒྱ་བའི་རྒྱུ་རུ་བསྔོས་པ་ཡིན་ཟེར།

དེ་དང་མཉམ་དུ་ལོ་དོན་བདུན་ལ་སོན་པའི་མོའི་མ་རྒན་གྱིས་ཀྱང་ལམ་རིམ་ཆེན་མོ་ཚར་ཉིས་བརྒྱ་གསུངས་ཟིན་ཟེར།  ངས་བུ་མོ་འདི་ལ་བསྔགས་པ་དང་བཅས་བྱ་དགའ་ཆུང་ངུ་ཞིག་བྱིན་ནས་གཞན་ཐམས་ཅད་ལའང་སྐུལ་མ་ཞིག་གི་ཚབ་ཏུ་རྗེས་སུ་ཡི་རང་གིས་འདིར་སྤེལ་བ་ཡིན།

དེ་ཡང་ཨ་རིག་དགེ་བཤེས་ཆེན་མོས། འཆི་ཁའི་ཚེ་ལམ་རིམ་ཆེན་མོ་ལྟ་བུ་ཞིག་མགོ་ཐོག་ཏུ་བཞག་ལ་སྐྱེ་བ་རྗེས་མ་ཐམས་ཅད་ལ་ཆོས་འདི་དང་འདི་སྟོན་པའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ་བ་དང་། མཇལ་ནས་ཀྱང་སྒྲུབ་པ་མཐར་ཕྱིན་པར་བྱེད་ནུས་པར་ཤོག་སྙམ་དུ་ཤི་ནུས་པ་ཞིག་བྱ། དེ་བྱས་ན་དེ་ལྟ་བུའི་ཚུལ་གྱིས་སྐྱེ་བ་གཅིག་ནས་གཅིག་ཇེ་བཟང་དུ་སོང་ནས་ནམ་ཞིག་འཕགས་པའི་གོ་འཕང་འཐོབ་པ་ཞིག་འོང་། དཔེར་ན་བྱ་རྒོད་འཕུར་བའི་ཚེ་ཐོག་མར་གཤོག་པ་གཉིས་ཤུགས་བསྐྱེད་ནས་ལྷབ་གཅིག་ལྷབ་གཉིས་བྱས་ནས་འཕུར་དགོས། དེ་ནས་ནམ་མཁའ་ལ་ཡ་ཟད་ནམ་འཕང་མཐོ་སར་སླེབས་ན། ཁོ་ལས་སླ་བོས་གཤོག་པ་གཉིས་ལྷོད་དེ་དལ་བུས་གར་འདོད་འདོད་དུ་འགྲོ་ཆོག དེ་བཞིན་དུ་ངེད་རང་ཚོས་ས་དང་པོ་མ་ཐོབ་བར་དུ་བྱ་རྒོད་ཀྱི་གཤོག་པ་ལྷབ་གཅིག་ལྷབ་གཉིས་བྱེད་པ་ལྟར་འབད་དགོས། ས་དང་པོ་ཐོབ་ན་བྱ་རྒོད་ནམ་འཕང་མཐོ་བ་ན་གར་འདོད་འདོད་དུ་འགྲོ་བ་ལྟར་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་རང་གི་བླ་མ་དང་གདུལ་བྱ་གར་ཡོད་ས་དེར་བསམ་བཞིན་དུ་སྐྱེ་བ་ལེན་ཆོག་པ་ཞིག་འོང་གསུངས་སོ། །

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་ཤོག །ཤཱཀྱའི་དབང་བོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེར་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་ཇི་བཏབ་མྱུར་འགྲུབ་ཤོག །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།