སྒོ་མང་ཡིག་ཆ་གསར་བའི་པར་ཤིང་གང་གང་དུ་བཞུགས་སམ།
དཔེ་ཆ་ནི་སློབ་གཉེར་གྱི་རྟེན་ཉག་གཅིག་ཡིན་པས་དཔེ་ཆ་མེད་ན་སློབ་གཉེར་བྱེད་པའི་ཐབས་མེད།
སྔོན་ཆད་དཔེ་རྒྱུན་དཀོན་པས་ན་དཔེ་ཆ་དག་ངེས་པར་འབྲི་དགོས་པས་ལག་བྲིས་མ་མང་ཞིང་དེ་ནས་རིམ་བཞིན་པར་ཤིང་མང་བོ་བྱུང་།
པར་ཤིང་བརྐོ་བ་ལ་ཚེགས་ཆེ་ཞིང་གྲོན་མང་བས་དེ་འདྲ་མང་བོ་རྐོ་མི་ཐུབ་མོད། དམ་པ་ལ་ལས་དཔལ་འབྱོར་བཏང་ཞིང་། ལ་ལས་ཁུར་དུ་བཞེས་ནས་སྣར་ཐང་པར་ཁང་ཆེན་མོ། སྡེ་དགེ་པར་ཁང་ཆེན་མོ། ཅོ་ནེའི་པར་ཁང་ཆེན་མོ། བླ་བྲང་པར་ཁང་ཆེན་མོ། སྐུ་འབུམ་པར་ཁང་ཆེན་མོ། རྭ་རྒྱའི་པར་ཁང་ཆེན་མོ་སོགས་པར་ཁང་མང་བོ་བཞེངས་ཏེ། བོད་ཀྱི་ཆོས་སྲིད་དཔལ་འབྱོར་བཅས་པ་ལ་དགེ་མཚན་ཆེན་པོ་བྱུང་།
ད་རེས་ཡིག་ཆ་གསར་བའི་ཤིང་པར་གང་གང་དུ་བཞུགས་པ་ལ་རྒྱུས་ལོན་འདོད་ནའང་རྒྱུ་ཆ་དཀོན་པས་འདི་བཀྲམ་པ་ཡིན། ཤེས་ལྡན་དམ་པ་དག་གིས་རང་རང་གི་དགོན་ན་བཞུགས་པའི་སྐོར་རམ། དེ་དང་འབྲེལ་ཡོད་གནས་ཚུལ་དག་གསུང་བར་ཐུགས་རྗེ་ཆེ།
བླ་བྲང་པར་ཁང་ཆེན་མོ་ན་ཡིག་ཆའི་སྐོར་པར་གསར་དང་པར་རྙིང་གཉིས་བྱུང་མྱོང་སྐད་ཐོས་ཀྱང་ཞིབ་ཆ་མེད།
ཀུན་མཁྱེན་རིན་པོ་ཆེའི་གསུང་འབུམ་བཞུགས།
རྭ་རྒྱ་པར་ཁང་ཆེན་མོར་བསེ་ངག་དབང་བཀྲ་ཤིས་ཀྱི་བསྡུས་གྲྭ་མཐའ་དཔྱོད་ཀྱི་པར་ཤིང་བཞུགས།
ཞོལ་པར་ཁང་དུ་གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་འབུམ་གྱི་པར་ཤིང་ཁ་ཚང་བཞུགས།
ནང་སོག་རང་སྐྱོང་ལྗོངས་པད་དཀར་ཆོས་གླིང་(五当召)དུ་པར་ཤིང་བཞུགས།ལྕང་ལུང་དགོན་པ་སྟེ།(贝子庙)བསོད་ནམས་ཀུན་སྡུད་གླིང་།
པེ་ཅིནཟུང་ཅི་ཟེའི་བོད་སོག་ཆོས་ཀྱི་པར་ཁང་།(嵩祝寺)ཏུང་པེའི་དགའ་ལྡན་དར་རྒྱས་གྲུབ་གླིང་།༼ 瑞应寺 ༽
སྐུ་འབུམ་ཁང་ཆེན་མོའི་དཀར་ཆག་མཐོང་མོད། སྒར་བ་དག་གི་གནས་ཚུལ་མ་མཐོང་།
སྐུ་འབུམ་ཁང་ཆེན་མོ་ན་བཞུགས་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་ལ་ཕར་ཕྱིན་མཐའ་དཔྱོད་དང་།དྲང་ངེས་མཐའ་དཔྱོད།གྲུབ་མཐའ་ཆེན་མོ།བསམ་གཟུགས་མཐའ་དཔྱོད་ཆེན་མོ།དོན་བདུན་ཅུའི་མཐའ་དཔྱོད་མི་ཕམ་བླ་མའི་ཞལ་ལུང་།རྣམ་འགྲེལ་ལེའུ་གསུམ་གྱི་མཐའ་དཔྱོད།བསྡུས་གྲྭའི་རྩ་ཚིག མཛོད་མཐའ་དཔྱོད།དབུ་མའི་མཐའ་དཔྱོད་བཅས་བཞུགས།
བསེ་ངག་དབང་བཀྲ་ཤིས་ཀྱི་གསུང་ལ་རྟེན་འབྲེལ་ཆེན་མོ།བསྡུས་གྲྭའི་མཐའ་དཔྱོད་གཉིས་བཞུགས།
ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་ལ་བསམ་གཟུགས་ལེགས་བཤད་བུམ་བཟང་།ས་ལམ་ཐེག་གསུམ་མཛེས་རྒྱན།གྲུབ་མཐའ་རིན་ཆེན་ཕྲེང་བ།དབུ་མ་ལུང་རིགས་སྒྲོན་མེ།བཞུགས།
གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ལ་སྐབས་བཞི་བའི་བསྡུས་དོན་བཞུགས།
གུང་ཐང་བློ་གྲོས་ཀྱི་གསུང་ལ་ཕར་ཕྱིན།བློ་རིག རྟགས་རིགས།བསྡུས་སྦྱོར་སྙིང་བོའི་འགྲེལ་བ་བཅས་བཞུགས།
(རྒྱུ་ཆ་གསུང་མཁན་ཆོས་ཚའི་གདུགས་དཀར་ཚེ་རིང་། )
ཁྱེད་ཅག་གིས་གསུངས་པ་དག་འདིར་འགོད་ངེས།སྐད་འཕྲིན་འདི་ལ་སྦྲེལ་ནས་གསུང་རོགས།