མང་རྫོང་ན་གྲྭ་ལྭ་ཚད་ལྡན་བཟོ་མཁན་ཞིག་ཡོད།
རབ་བྱུང་བ་ནི་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ལ། རབ་བྱུང་གི་གོས་ཀྱང་ཆོས་ཀྱི་རྒྱལ་མཚན་ཡིན་པས་སྟོན་པས་ཆོས་འདུལ་བ་ནས་གསུངས་པ་ལྟར་ཚད་དང་ལྡན་པར་བཟོ་དགོས།
དེ་བས་ཆོས་གོས་ཚད་དང་ལྡན་པ་གྱོན་ན་རང་རྒྱུད་ཀྱི་བསླབ་པ་ལ་བརྩི་བཀུར་བྱས་པའི་ཕན་ཡོན་དང་། སངས་རྒྱས་ཀྱི་བཅས་པ་ལ་བརྩི་བཀུར་བྱས་པའི་ཕན་ཡོན་ཡོད་དོ། །
ད་ལྟ་རབ་བྱུང་བའི་ཆོས་གོས་རྣམ་གསུམ་དང་། གཟན་གདིང་བ་སོགས་ཚེམ་བཟོ་བ་རྣམས་ཀྱིས་གང་འདོད་དུ་བཟོ་བ་སྟེ། ཚད་ལྡན་ཕར་ཞོག །གཟན་ཁ་ཚར་ཅན་དང་། ཕུན་ཚར་ཅན། མ་དྲས་པ། གདིང་བ་ཁ་གང་གྲུ་བཞི་མ། ཤམ་ཐབས་གོང་སྡོམ་ཅན་སོགས་སྣ་ཚོགས་ནག་ཕྱོགས་ཀྱི་རྒྱལ་མཚན་བཞིན་གང་སར་དར།
རྗེ་དགེ་འདུན་རྒྱ་མཚོས། ཁ་གང་གྲུ་བཞི་ཅན་ཚད་དང་མི་ལྡན་པ་ཞིག་ཡོད་པ་དེ་སྤྱད་པའི་ཉེས་པ་གདིང་བ་མ་སྤྱད་པའི་ཉེས་པ་ལས་ཆེ་བར་གསུངས་པ་དང་། རྗེ་འཇམ་དབྱངས་རྒྱ་མཚོས་གཟན་ཁ་ཚར་ཅན་དེ་གྱོན་པ་ལས་གཟན་མེད་ན་ལེགས་གསུངས།
དེ་ལྟར་ཚད་དང་མི་ལྡན་ན་ཉེས་པ་ཆེ་ཞིང་བསྟན་པའི་མིག་རྐྱེན་ལ་གནོད་པའི་ཁར། མཁས་གྲུབ་རིན་པོ་ཆེས། ངུར་སྨྲིག་ཆོས་གོས་ཟུང་དག་གིས། །རབ་བྱུང་རྣམས་ཀྱི་ལུས་མཛེས་ཀྱི། །རབ་བྱུང་ཁྱིམ་པའི་རྟགས་འཆང་བ། །བསྟན་པ་འཇིག་པའི་བརྟུལ་ཞུགས་ལགས། །ཞེས་གསུངས་པ་ལྟར་རོ། །
མང་རའི་ཕྱོགས་འདི་རབ་བྱུང་གི་ན་བཟའ་ཚད་ལྡན་བཙོང་རྒྱུ་མེད་པ་དང་། ཚད་ལྡན་བཟོ་མཁན་དེ་བས་ཀྱང་དཀོན་པ་ལ་བརྟེན་ནས་ཀླུ་ཚང་དགོན་པའི་དགེ་རྒན་ཤེས་རབ་བསྟན་དར་གྱིས་སློབ་ཆེན་མཐར་ཕྱིན་སློབ་མ།ཚེམ་བཟོའི་ལས་ལ་འཇུག་པའི་ན་གཞོན་འཇམ་དཔལ་དོན་འགྲུབ་ལ་ཆེད་དུ་བསྐུལ་ཅིང་། ལ་མོ་ཞབས་དྲུང་གི་གམ་བཅར་སློབ་སྟོན་མཁན་པོ། ཀླུ་ཚང་དགོན་པའི་དགེ་བཤེས་བསོད་ནམས་ཡེ་ཤེས་ཀྱིས་ཆོས་འདུལ་བ་འཛིན་པ་མརྒེན་ཆོས་རྗེ་རིན་པོ་ཆེ་དང་། དགེ་བའི་བཤེས་གཉེན་ཡོན་ཏན་རྒྱ་མཚོ་སོགས་ཀྱི་ཞལ་སྔ་ནས་དངོས་སུ་ཁོང་ལ་བརྒྱུད་པའི་ཆོས་འདུལ་བའི་དགོངས་དོན་དང་མཐོང་བ་བརྒྱུད་པའི་ཕྱག་བཞེས་བཞིན་ཁྲིད་དེ། ད་ལྟ་མང་རྫོང་ཚོང་རྭར་ཀུན་བཟང་སེར་སྐྱའི་ན་བཟའ་བཟོ་ཁང་དུ་ན་བཟའ་བཟོ་བཞིན་ཡོད།
ཁོས་འདུལ་བའི་ཕྱག་བཞེས་བཞིན་རབ་བྱུང་བ་རང་གི་ལུས་ཁྲི་ལ་འཇལ་ནས་རབ་བྱུང་གི་ཆོས་གོས་རྣམ་གསུམ་དང་གདིང་བ་སོགས་བཟོ་བཞིན་འདུག
སུ་ཞིག་ལ་ན་བཟའ་དགོས་ན་ཁོ་ལ་འབྲེལ་བ་བྱ་རོགས།
འདི་ནི་དོན་ཆེན་ཞིག་ཡིན་པས་ངེད་དགེ་ལུགས་དྲ་བས་རྗེས་སུ་ཡི་རང་གིས་མངོན་པར་བསྟོད་ཅིང་། ཆེད་དུ་མཚམས་སྦྱོར་བྱས་པ་ལགས།

ཀུན་བཟང་སེར་སྐྱའི་ན་བཟའ་བཟོ་ཁང་། མང་རྫོང་མང་ཆུ་གྲོང་རྡལ་ཧྭ་ལེན་ཚོང་རའི་ཚོང་ལམ་གསར་བའི་སྒོ་རྟགས་༡༠༦
ཚོང་དཔོན།འཇམ་དཔལ་དོན་འགྲུབ།
ཁ་པར། 13897782240
སྐད་འཕྲིན།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
