ས་ག་ཟླ་བར་དཔེ་ཆ་ཀློག་པའི་འཆར་གཞི་བློ་ལྡན་གཞེན་སྐུལ།
བཀླག་བྱའི་མཆོག་ནི་གསུང་རབ་ཀློག་པ་སྟེ།།
བསམ་པའི་མཆོག་ནི་ཐོས་པའི་དོན་ཉིད་དོ།།
སྒོམ་པའི་མཆོག་ནི་གསུང་རབ་དོན་ཉིད་དེ།།
ལས་ཀྱི་མཆོག་ནི་ཐོས་བསམ་སྒོམ་གསུམ་མོ།།
ས་ག་ཟླ་བ་ནི་ནང་བ་སངས་རྒྱས་པའི་ཟླ་བ་ཁྱད་པར་ཅན་ཞིག་ཡིན་ཏེ།རྒྱལ་བ་དགེ་འདུན་གྲུབ་ཀྱིས།
ས་ག་ཞེས་གྲགས་ཧོར་ཟླ་བཞི་པ་ཡི།།
དཀར་པོའི་ཕྱོགས་ཀྱི་ཚེས་པ་བཅོ་ལྔ་ལ།།
ཐུབ་དབང་ལྷུམས་ཞུགས་མངོན་པར་བྱང་ཆུབ་དང་།།
མྱ་ངན་འདས་པའི་དུས་ཆེན་ཡིན་པར་གསུངས།།ཞེས་གསུངས་པ་ལྟར་ས་ག་ཟླ་བའི་ཚེས་བཅོ་ལྔ་ནི་ཐུབ་དབང་ལྷུམས་སུ་ཞུགས་པ་དང་མངོན་པར་བྱང་ཆུབ་པ། མྱ་ངན་ལས་འདས་པའི་དུས་ཆེན་ཏེ།དུས་ཆེན་སུམ་འཛོམས་ཡིན།
བཅོམ་ལྡན་འདས་ཀྱིས།དགེ་བའི་རྩ་བ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་མངོན་པར་རྫོགས་པར་སངས་རྒྱས་པའི་དགེ་བའི་རྩ་བ་དེ་དག་ཡང་དག་པར་བསྒྲུབ་པར་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། མོས་པར་བྱ། ཡི་གེར་བྲི་བར་བྱ། གཟུང་བར་བྱ། བཀླག་པར་བྱ། ལུང་ནོད་པར་བྱ། ཁ་ཏོན་དུ་བྱ། ཚིག་ཏུ་གདོན་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ། བསྒོམ་པར་བྱ། ཞེས་གསུངས་པ་ལྟར།དེ་བས་རྒྱལ་བའི་ལུང་གི་བསྟན་པ་མཇལ་བའི་ཆེད་དུ་ང་ཚོ་ཐུན་མོང་གིས་ས་ག་ཟླ་བར་གསུང་རབ་འདི་དག་ངེས་པར་བཀླག་པར་བྱ་སྟེ། ཀུན་མཁྱེན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། ཁྱེད་རྣམས་ཀྱིས་དཔེ་ཆར་བལྟ་བ་དེ་དགེ་སྦྱོར་གྱི་ཐ་སྙད་མི་བྱེད་ཀྱང་། ངའི་དགེ་སྦྱོར་གྱི་གཙོ་བོ་དཔེ་ཆར་བལྟ་བ་འདི་རང་ཡིན། ང་དཔེ་ཆ་བལྟ་བ་ལ་ནུས་པ་རབ་ཡོད། གཞན་ཁ་འདོན་ཆེར་མེད། ཅེས་གསུངས་པ་ནི་གོ་རྒྱུ་ཤིན་ཏུ་ཆེའོ། །དེ་བཞིན་ཞང་སྟོན་བསྟན་པ་རྒྱ་མཚོས་ཀྱང་། ཁ་ཏོན་མུག་མུག་ཅིག་འདོན་རྒྱུ་ལས་དཔེ་ཆར་བལྟ་བ་གཙོ་བོར་གྱིས། དཔེ་ཆར་བལྟ་བ་ལ་ཚོགས་གསོག་སྒྲིབ་སྦྱོང་ཐམས་ཅད་ཀྱི་གནད་འདུག་པས། གལ་ཆེན་གྱིས། ཞེས་གསུངས།
དང་བོ།སྟོན་པའི་རྣམ་ཐར།


སྟོན་པའི་རྣམ་ཐར་མང་མོད་ཇོ་ནང་ཏཱ་ར་ན་ཐའི་སྟོན་པའི་རྣམ་ཐར་དང་།རྗེ་ཡེ་ཤེས་རྒྱ་མཚོའི་རྣམ་ཐར་བཀླག་ན་གནད་འདུས་ཤིང་ཆོད་ཆེ་ལ།ད་ལྟ་དཔེ་ཁང་དག་ན་བླུ་རྒྱུ་མོད།
གཉིས་པ། བུ་སྟོན་ཆོས་འབྱུང་།

འདིའི་རྩོམ་པ་པོ་བུ་སྟོན་ཐམས་ཅད་མཁྱེན་པ་ཡིན་གཞན་ལ་ཕུལ་དུ་བྱུང་། རྒྱ་གར་གྱི་པཎ་ཆེན་དག་གི་གསུང་སྒྲོས་ཡིག་ཚང་དག་གཞིར་བཞག་ནས་བརྩམས་པས་ཁུངས་བཙུན། ཕྱིས་ཀྱི་ཆོས་འབྱུང་ཐམས་ཅད་ཀྱི་ཕྱི་མོར་གྱུར་པས་ཡིད་བརྟན་འཕེར་བ་ཞིག་གོ།
གསུམ་པ། ལམ་རིམ་ཆེ་ཆུང་གཉིས།

ལམ་རིམ་གྱི་དཔེ་ཆ་ཞིག་དལ་མོས་བཀླག་པར་བྱ་སྟེ།དེ་ཡང་མཉམ་མེད་ཙོང་ཁ་བ་ཆེན་པོས།གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ།།ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་།།དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས།།རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ།།ཞེས་གསུངས་པ་ལྟར་ལམ་རིམ་ནི་ཤེར་ཕྱིན་གྱི་ཉིང་ཁུ་ཡིན་ནོ།།དེ་ལ་དགོངས་ནས་ཀུན་མཁྱེན་འཇིགས་མེད་དབང་བོས།ལམ་རིམ་གྱི་ཁྲིད་ཐོབ་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་ཁྲིད་ཐོབ་པའི་གོ་ཆོད།ལམ་རིམ་ལ་ཉན་བཤད་བྱས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་ཉན་བཤད་བྱས་པའི་གོ་ཆོད།ལམ་རིམ་སྐྱོར་སྦྱོང་བྱས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་ཉན་བཤད་བྱས་པའི་གོ་ཆོད།ཅེས་གསུངས་བས་སོ། །
བཞི་བ བསྟོད་པ་དོན་ལྡན་མའི་འགྲེལ་བ།

དགེ་ལུགས་པའི་སློབ་གཉེར་བ་དག་གིས་གུང་ཐང་བསྟན་པའི་སྒྲོན་མེའི་བསྟོད་པ་དོན་ལྡན་མའི་འགྲེལ་བ་རེ་བཀླག་པ་དང་། གཞན་པ་དག་གིས་གྲུབ་མཐའ་སོ་སོའི་རང་རང་གི་གཞུང་རྩ་ཆེན་རེ་བཀླག་པ།
བསྟོད་པ་དོན་ལྡན་མའི་འགྲེལ་བ་འདིར་དགེ་ལྡན་པའི་བསྟན་པའི་ལྟ་སྒོམ་སྤྱོད་གསུམ་ལུང་རིགས་ཀྱིས་གསུངས་ཡོད་པས་ཀློག་ཐེངས་རེ་ལ་བློ་སྐྱེད་རེ་འབྱུང་ངེས།
ལྔ་བ། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།

ཆོས་འབྱུང་འདིར་བཀའ་གདམས་པ་དག་གི་རྣམ་ཐར་ཡ་མཚན་པ་མང་བོ་བཞུགས་པས་ལུང་མ་བསྟན་གྱི་ལོ་རྒྱུས་སྟོང་བཀླགས་པ་ལས་འདིའི་ཤོག་ངོས་འགའ་རེས་སེམས་པ་ལྷོད་ནས་བབས་ནས་བཀླགས་ན་སེམས་ལ་དེས་ཕན།
དྲུག་པ། བཀའ་གདམས་པའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད།

གཞན་དཔེ་ཆ་རྩ་ཆེན་ཞིག་ནི་བཀའ་གདམས་པའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད་ཡིན་ཏེ།བོད་ཀྱི་ཆོས་པ་དག་ལས་ཆོས་པ་ཚད་ལྡན་བཀའ་གདམས་པ་སྟེ།བཀའ་གདམས་པ་དེ་དག་གི་གསུང་ནི་དམ་པའི་ཆོས་ཉིང་ཁུ་བསྡུས་པས་ཉམས་སུ་ལེན་བདེ།ནང་སེམས་ལ་བསྐོར་པས་ཉམས་ལེན་ལ་བོགས་འབྱིན།འདི་སྣང་རིས་སུ་བོར་བས་ཆོས་ཁོ་ན་ལ་གཞོལ།ཉམས་ལེན་གདམས་པར་གནང་བས་རང་གི་སེམས་ལ་ཟུག་པས་ཆོས་བྱ་འདོད་ན་འདི་ལ་གཟིགས།སེམས་གདུལ་བསམ་ལ་འདི་ལ་སོམས།འདི་ནི་བོད་ཀྱི་དཔེ་ཆ་རིན་ཐང་བྲལ་བ་ཞིག་ཏུ་མ་ཟད།འཇིག་རྟེན་འདིར་རིན་ཐང་བྲལ་བའི་དཔེ་ཆ་རྩ་ཆེན་ཞིག་ཡིན།དཔེ་གཞན་ཁྲི་ལ་བལྟ་བ་ལས་འདི་ཁོ་ནར་གཟིགས་ན་ཕན་པ་ཆེ།
བདུན་པ། ཡང་ན་རང་གིས་རང་ལ་གསུང་རབ་ཀློག་པའི་འཆར་གཞི་བཀོད་ན་ཆོག་གོ།
དུས་ཆེན་དེ་རྣམས་ལ་དགེ་བ་བྱས་པའི་ཕན་ཡོན་ནི། སྤྱིར་དུས་ཆེན་དེ་ཐམས་ཅད་ལ་དགེ་བ་གང་བྱས་ཕན་ཡོན་ཆེ་ཞིང་ཁྱད་པར་དུ། ཆོ་འཕྲུལ་ཆེན་པོ། བྱང་ཆུབ་བརྙེས་པ། ཆོས་འཁོར་བསྐོར་བ། ལྷ་ལས་བབ་པའི་དུས་ཆེན་བཞི་ལ་ཁ་ཏོན་དགེ་སྦྱོར་རྟེན་ལ་ཕྱག་མཆོད། དགེ་འདུན་ལ་བསྙེན་བཀུར་སོགས་དགེ་བ་གང་བྱས་བྱེ་བ་ཕྲག་བརྒྱར་འགྱུར་བར་མདོ་ལས་བཤད། དེ་ཡང་དཔེར་མཚོན་ན་ལྷག་བསམ་རྣམ་པར་དག་པས་འབྲས་ཕུལ་གང་སྦྱིན་པར་བཏང་བའི་འབྲས་བུས་འབྲས་ཁལ་བརྒྱད་འབུམ་སུམ་ཁྲི་སུམ་སྟོང་སུམ་བརྒྱ་སུམ་ཅུ་རྩ་གསུམ་དང་བྲེ་དྲུག་ཕུལ་བཞི་འབྱུང་བར་བཤད་པ་སོགས་ཀྱིས་མཚོན་ཏེ་ཤེས་པར་བྱ།
ས་གསུམ་ལས་རྒྱལ་རྒྱལ་བ་མཆོག་གི་གསུང་།།
གསུང་གི་མཛོད་ལས་ལས་འཕྲོ་ལྡན་པའི་སྐལ།།
སྐལ་བཟང་གཅེས་ནོར་ནོར་གྱི་དམ་པ་འདི།།
འདིར་མཇལ་བསོད་ནམས་ནམ་མཁའ་བཞིན་དུ་ཡངས།།
འདི་ཉིད་སྤེལ་འདོད་པའི་འཕྲིན་སྟེགས་དག་གིས་དགེ་སྐུལ་གྱི་དོན་དུ་གང་འདོད་དུ་སྤེལ་ཆོག འོན་ཀྱང་འགོད་དུས་སྒེར་རྩོམ(原创)བྱས་ཏེ་བཀོད་ན་གཞན་པས་འགོད་མི་ཐུབ་པས་སྒེར་རྩོམ(原创)མི་བྱེད་རོགས།
