ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་གསུང་འབུམ་འཚོལ་བརྡ།
གཞོན་ནུའི་དུས་ན་དབུས་གཙང་ཞིང་དུ་ཕེབས།།
མཁས་གྲུབ་རྒྱལ་མཚོའི་ཞབས་ལ་དུལ་བས་བསྟེན།།
འབའ་ཡུལ་གད་པ་གཡང་རར་སྒྱུ་ལུས་བརྙེས།།
ཐར་ཤུལ་ཆོས་སྐྱོང་རྒྱ་མཚོར་གསོལ་བ་འདེབས།།
གསུང་འདི་འབའ་རྫོང་གི་རྒན་པོ་རྣམས་ཀྱི་ངག་ན་བཞུགས།
ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ནི་ཐར་ཤུལ་སྐུ་ཕྲེང་དང་བོ་ཡིན་ཞིང་ཁོང་འབའ་གཞུང་དུ་ཐར་ཤུལ་ཚོ་བར་འཁྲུངས།དབུས་སུ་སློབ་གཉེར་གནང་། ལྕགས་ཕག་ལོར(1672)མདོ་སྨད་དུ་ཕེབས།རབ་བྱུང་བསྙེན་རྫོགས་གང་མང་གནང་། དབང་ལུང་མན་ངག་ཀྱང་གང་འདོད་དུ་གནང་། བྲག་དཀར་སྤྲེལ་རྫོང་དང་། ནགས་རྡོ་རྗེ་རྫོང་། འབའ་ཡི་གད་པ་གཡང་རྭ་དང་། སྟག་མོ་རྫོང་སོགས་སུ་སྒྲུབ་པ་སྙིང་བོར་མཛད། ཁོང་གིས་འབལ་རྒྱབ་ཏུ་གུར་སྒར་བཏབ།
གང་གི་གསུང་རྩོམ་ལ
དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད།
བླ་མཆོད་བདེ་སྟོང་དབྱེར་མེད་མའི་ཚིག་ཊིཀ་རྒྱས་པ།
དཔའ་ཅིག་གི་རིམ་པ་དང་བོའི་རྣམ་བཤད་རྨད་དུ་བྱུང་བ།
བར་དོའི་འཕྲང་སྒྲོལ་གྱི་འགྲེལ་བ།
དཔའ་བོ་གཡུལ་འཇུག་མའི་འདོན་བསྒྲིགས་གསོལ་འདེབས་རིང་བོ་ཅན།
འཇམ་དཔལ་ཞལ་ལུང་གི་ཁྲིད་ཡིག་མདོར་བསྡུས།
ལམ་རིམ་བསྡུས་དོན་གྱི་ཁྲིད་ཡིག
གཅོད་ཁྲིད་བྱང་རྟ་ནག་གུར་ཁང་དུ་སྦྱར་ཞེས་པའི་མཛད་བྱང་ཅན།
འཇིགས་བྱེད་དཔའ་ཅིག་བདུད་ལས་རྣམ་རྒྱལ་གྱི་སྒོ་ནས་ཞི་ཁྲོ་སྦྲགས་སྒྲུབ་བྱེད་ཚུལ་སོགས་མང་དུ་བཞུགས་པར་བཤད་ཀྱང་འདི་དག་གང་ན་བཞུགས་པར་གསལ་ཆ་ཅན་ཡོད་ན་བདག་ཅག་ལ་བརྡ་ཞིག་གནང་བར་མཁྱེན། འབྲེལ་གནས་བཤེར་རིས།
གསལ་བཤད།ལ་ལར་དཔེ་ཆ་གཅིག་ལས་མེད་པ་ཉར་ཚགས་བྱས་ཡོད་ནའང་།རང་གི་ནོམ་དུ་བཟུང་ནས་དཔེ་རྒྱུན་སྤེལ་བ་དང་གསུང་འབུམ་བསྒྲིགས་དུས་མ་བྱིན་པས་རྩ་མེད་དུ་སོང་བའང་མང་་བས་གྱོང་ཤིན་ཏུ་ཆེ།
དཔེ་དཀོན་ག་འདྲ་ཞིག་ཡིན་ཡང་།དཔེ་རྒྱུན་སྤེལ་བའི་ཐབས་ལ་བརྩོན་དགོས་པ་མཁས་གྲུབ་གང་གིས་བསྟན་བཅོས་མཛད་པའི་དགོས་པ་ཡིན་མོད།དཔེ་རྒྱུན་མ་སྤེལ་ན་བསྟན་བཅོས་དེའི་འཕྲིན་ལས་ཀྱི་སྒོ་བཀག་པར་མ་ཟད།དམ་པ་གང་གི་དགོངས་པ་དང་འགལ་བས་ན་ཉེས་པ་ཤིན་ཏུ་ཆེ་བས་ཚང་མས་ཐུགས་ལ་གཟུང་དགོས་པ་ཡིན་ནོ།།

