ཁམས་པའི་དགེ་བཤེས་བློ་བཟང་མདོ་རྒྱུད་ཀྱི་གསུང་འབུམ་འཚོལ་བསྡུའི་ཐད་རོགས་སྐྱོར་ཞུ་བའི་ཡི་གེ

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-06 07:42:40     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

   

723.JPG

ཁམས་པའི་དགེ་བཤེས་བློ་བཟང་མདོ་རྒྱུད་དམ། ཁམས་་ཕྱོགས་སུ་མཁན་ཆེན་མདོ་རྒྱུད་ཞེས་ཡོངས་སུ་གྲགས་པ་ཁོང་གི་གསུང་རྩོམ་བསྡུ་རུབ་ཀྱིས་པར་སྐྲུན་ཞུ་འཆར་ཡོད་ན་ཡང་། སྔར་ཤིང་པར་དུ་འཁོད་པ་དང་མ་འཁོད་པ་ཅི་རིགས་སུ་ཡོད་པ་དེ་དག་སྔར་ཡང་ཕྱོགས་སྒྲིག་འཐུས་ཚང་ཞིག་ཐུབ་མེད་པར་ས་ཆ་གང་སར་འཐོར་ཡོད་པར་མ་ཟད། བར་ལམ་དུས་ཀྱི་རྐྱེན་དབང་སོགས་ལས་ཀྱང་བདག་ཉར་ཡག་པོ་ཞིག་མ་བྱུང་སྟབས། ད་ལྟ་འདིར་སྔགས་ཀྱི་ས་ལམ་རིམ་ལྔའི་རང་ལུགས་སྙིང་པོ་དང། རྗེ་ཙོང་ཁ་བའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་རྒྱས་པའི་ནོར་སྒྲུབ་བྱ་ཚུལ་འདོད་དགུའི་ཆར་འབེབས་དང་། དཔལ་ཆེན་ཡང་གསང་ཁྲོས་པའི་དབང་གི་གཏོར་སྒྲུབ་འདོད་དགུའི་དཔལ་འབྱོར་འགུགས་པའི་བསམ་འཕེལ་དབང་གི་རྒྱལ་པོ། བཅོམ་ལྡན་འདས་འཕགས་མ་གདུགས་དཀར་ཅན་གྱི་སྒོ་ནས་ཕ་རོལ་བྱད་ཕུར་འཕྲུལ་བཟློག་ཟོར་མདོས་ཆེན་མོ་གནམ་ལྕགས་འཁྲུལ་འཁོར། དགྲ་བདག་གཤེད་མ་འདུལ་བའི་མང་ངག་གཤེད་འདུལ་མཚོན་ཆ་འཁོར་ལོ། དཔལ་རྟ་མཆོག་རོལ་བའི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར།ཚེ་སྒྲུབ་དཔག་བསམ་ལྗོན་པ་སོགས་ཆ་མི་ཚང་བ་དང་ཡིག་ནོར་མང་བའི་ཆོ་ག་ཐར་ཐོར་ཁ་ཤས་ཤིག་ལས་མ་རྙེད་པའི་དཀའ་ངལ་འཕྲད་པ་དང་། ལྷག་པར་སྔོན་གྱི་རྒན་པ་དག་གི་ངག་རྒྱུན་ལ་ཁོང་གི་གསུང་རྩོམ་མང་ཆེ་བ་བླ་བྲང་བཀྲ་ཤིས་འཁྱིལ།རྭ་བརྒྱ་དགོན།གཙང་དགོན།ཐར་ཤུལ་དགོན་སོགས་སུ་ཡོད་པར་མ་ཟད། ལྷག་པར་ཁོང་གི་སློབ་མ་ཞིག་འདིར་ཡོང་བ་ལ་ཁོང་གི་གསུང་རྩོམ་པོད་ཆེ་བ་བཅུ་གསུམ་ཙམ་ཞིག་ཨ་མདོར་བསྐུར་གནང་བར་མཛད་ཅེས་པའི་བཤད་སྲོལ་ཡོད་པ་དང་།ཡང་སྤྱི་ལོ་1990ནང་ཞིག་ཐར་ཤུལ་དགོན་གྱི་གྲྭ་བསོད་ནམས་ཕུན་ཚོགས་ཨ་མདོ་ཁུལ་གྱི་དགོན་ཁག་མང་པོར་མཇལ་སྐོར་དུ་ཕེབས་སྐབས་དགོན་པ་ཞིག་ཏུ་ཁོང་གིས་བརྩམ་པའི་མངོན་རྟོགས་རྒྱན་དང་།དབུ་མ་འཇུག་པ་གཉིས་ཀྱི་འགྲེལ་བ་ཞིག་མཇལ་སོང་གསུངས་ཀྱང་དེ་སྐབས་དགོན་པ་དང་ས་གནས་གང་ཡིན་ཞིབ་འདྲི་མ་ཐུབ་པའི་བར་དེར་ཁོང་སྐུ་གཤེགས་པ་ སོགས་དཀའ་ངལ་མི་ཉུང་བ་འཕྲད་པར་ཐུགས་ཁུར་ཆེ་བཞེས་ཀྱིས་མདོ་དབུས་ཁམས་གསུམ་ན་གནས་པའི་ཆོས་གྲོགས་ཚོས་ཁོང་གི་གསུང་རྩོམ་མང་ཉུང་ལ་མ་ལྟོས་པར་གང་ཡོད་ཀྱི་མ་དཔེ་འཚོལ་སྡུད་ལ་རོགས་རམ་བརྩེ་གཟིགས་མཁྱེན་མཁྱེན། འབྲེལ་གཏུག་བྱེད་ཡུལ།

བསོད་དགའ་ཁ་པར་ཨང་གྲངས།

15196317975

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།