རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་མདོར་བསྡུས།
༄༅། ། ན་མ་ཨཱརྱ་ཏཱ་ར་ཡེ། རྗེ་བཙུན་སྒྲོལ་མ་སྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། སྭ་(༨བ)བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱི་འཁོར་དཀར་གསལ་ཉ་གང་བའི་སྟེང་དུ། ཏཾ་ལས་ཨུཏྤལ་ལ་སྔོན་པོ་ཏཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་སྔོ་ལྗང་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་འཛིན་པའི་ཨུཏྤལ་སྙན་གྱི་ཐད་དུ་ཁ་བྱེ་བ། དར་སྣ་ཚོགས་ཀྱི་བ་བཟས་ཀླུབས་ཤིང་། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་ཤིང་། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སེང་ལྡེང་ནགས་ཀྱི་ཚལ་ནས། རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་དང་། བྱང་ཆུ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩི་གང་བུའི་བུམ་པ་ཐོགས་ནས། དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་པ་སྤྱི་གཙུག་ཏུ་གནས་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། དེ་ནས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ་ལ་སོགས་པའི་མཆོད་པ་ཐམས་ཅད་རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས་ལ་སོགས་པའི་དབང་པོ་དྲུག་(༩ན)གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་སྟེར་བར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད། ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས།ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་དང་། གང་སྐུ་རིན་ཆེན་རྒྱན་གྱིས་སྤྲས་པ་ནི། །མརྒད་རི་ལ་རྒྱུ་སྐར་བཀྲམ་པ་བཞིན། །ལྟ་བས་མི་ངོམས་ཀུན་གྱི་ཡིད་འཕྲོག་མ། །ལྷག་པའི་ལྷ་མོ་ཨུཏྤལ་བསྣམས་ལ་འདུད། །ཅེས་པའི་བསྟོད་པས་བསྟོད།
བཟླས་པ་ནི། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་གྱི་མཐར་ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ་ཞིང་། གཞན་ཡང་འདོན་པ་སྤོས་ཏེ་བྱའོ། །
དེ་ལྟར་ལྷག་པའི་ལྷ་མོ་རྗེ་བཙུན་མ། །སྒྲུབ་པའི་མན་ངག་བཤད་པའི་དགེ་བ་དེས། །བདག་སོགས་མ་ལུས་སངས་རྒྱས་མ་ཐོབ་པར། །རྗེ་བཙུན་སྒྲོལ་མས་རྗེས་སུ་འཛིན་པར་ཤོག །ཅེས་རྗེ་བཙུན་སྒྲུབ་ཐབས་མདོར་བསྡུས་འདི། །ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་དུ་སྦྱར་བའོ། །བཀྲ་ཤིས།། །།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn