སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཟབ་མོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-03-26 11:22:27         ཀློག་ཐེངས།  

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཟབ་མོ།ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་ཐམས་ཅད་དུ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །

དམ་པ་དེའི་གསུང་ལས། ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་བྱེད་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སོགས་སྔོན་དུ་བཏང་བ་སྤྱི་དང་མཐུན། སྭ་བྷཱ་ཝའི་སྔགས་དོན་དྲན་པའི་ངང་ནས་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཅིག་བསམ། དེ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཇོ་བོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿ(༤༤བ)ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ།གཡས་ཀྱི་གཉིས་པ་ན་ནོར་བུ་ཆུ་ཤེལ་གྱི་འཕྲེང་བ་འཛིན་པ། གཡོན་གྱི་གཉིས་པ་ན་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བའི་སྐུ་རུ་ཝལ་གྱིས་བསྒོམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས། པོ་ཏ་ལའི་རི་བོ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཞེས་པས་རང་ལ་བསྟིམས་པས་གཉིས་སུ་མེད་པར་གྱུར། 

སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས་སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་པ་ཡོངས་སུ་གྱུར་པ་ལས། རྒྱལ་བ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་དམར་པོ་གསོལ་བས་དབུ་བརྒྱན་པར་བསྒོམ། 、དེ་ནས་མ་ཧཱ་ཀཱ་རུ་ཎི་ཀཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཉེར་སྤྱོད་ལྔས་མཆོད། སྐྱོན་གྱིས་མ་གོས་(༤༥ན)སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། དེ་ནས་ལྷ་བསྒོམ་པའི་གནད་ནི། རང་ཐ་མལ་པའི་ང་རྒྱལ་དོར་ནས། འཕགས་པ་སྤྱན་རས་གཟིགས་ཡིན་སྙམ་པའི་ང་རྒྱལ་ཤུགས་ཅན་སྒོམ་པ་དང་། སྔར་བཤད་པའི་སྐུ་ཕྱག་མཚན་རྣམས་རྣམ་པ་གསལ་བ་ལ་སློབ། དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། མཐའ་སྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ། 

དེ་ཡང་ཕ་མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མདུན་དུ་བཀུག་ལ། སྤྱན་རས་གཟིགས་སུ་གྱུར་པར་བསམ། དེ་རེ་རེ་ལ་ཡང་དབུ་དུ་མ། དབུ་རེ་རེ་ལ་ཡང་ལྗགས་དུ་མ་ཡོད་པར་མོས་ནས་མགྲིན་གཅིག་ཏུ་བཟླའོ། །

སྔགས་དོན་ནི། མ་ཎི་ཞེས་པ་ནི། ནོར་བུ་ཡིན་ལ། ཕྱག་གཡས་ཀྱི་ནོར་བུ་ཆུ་ཤེལ་གྱི་ཕྲེང་བའོ། །པདྨ་ནི། ཕྱག་གཡོན་པའི་པདྨའོ། །མེ་ནི། འབོད་པའི་ཚིག་སྟེ། དེ་ཡང་ཕྱག་མཚན་དེ་གཉིས་འཛིན་པའི་ལྷ་སྔར་བསྒོམས་པ་དེ་ཉིད་ལམ་ལམ་དྲན་པར་བྱེད་པའོ། །ཨོཾ་དང་ཧཱུཾ་ནི། སྤྱི་དང་མཐུན། འདི་ནི། བཟླས་པའི་གནད་ཤིན་ཏུ་ཟབ་བོ། 

བཟླས་པ་ཚར་བའི་རྗེས་སུ་མཆོད་བསྟོད་སྔར་བཞིན་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་བ་བྱ། ཐུན་མཚམས་སུ་རང་ཉིད་སྤྱན་རས་གཟིགས་ཀྱི་ང་རྒྱལ་ལ་གནས་པར་བྱའོ། །ཅི་ཟ་ཅི་འཐུང་གི་ཕུད་ནས་མཆོད་པ་དང་། སྐྱིད་སྡུག་མཐོ་དམའ་ཅི་བྱུང་ཡང་། ཇོ་བོ་ལ་མཆོད་ནས་གསལ་བ་འདེབས་ཀྱི། མོ་བོན་སོགས་ངོ་འཛིན་གྱི་བྱ་ཐབས་གཞན་མི་བསྟེན་པའོ། །

མཚན་མོ་ཉལ་བ་ན་ལུས་ཀྱི་སྤྱོད་ལམ། གཞོགས་གཡས་(༤༥བ)འོག་ཏུ་བཅུག །ལོང་བུ་གཡས་པའི་སྟེང་དུ་གཡོན་པ་བཞག་ནས་ལུས་ཀྱི་སྤྱོད་ལམ་དམ་པར་ཉལ།སེམས་ཀྱི་དམིགས་པ་རང་གི་རྣམ་པར་ཤེས་པ་ཐམས་ཅད་སྙིང་ཁར་བསྡུས་ཏེ། བསྒྲིམས་ནས་རྩ་དབུ་མའི་ནང་ནས་ཡར་འཐོན་ཏེ། སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་མོས་པ་བྱ། ཡང་མར་བབས་ཏེ་སྙིང་ཁར་ཐིམ་པར་བསྒོམ་པ་ཡང་ཡང་བྱ་ལ། དེ་ལ་ལེགས་པར་བྱང་བ་ན། འཆི་བའི་དུས་ཀྱི་ཚེ་ལུས་ཀྱི་སྤྱོད་ལམ་སྔར་བཞིན་དང་རླུང་སྣ་བུག་གཡས་པ་བཀག་སྟེ་གཡོན་ནས་རྒྱུ་བར་བྱ། སེམས་དམིགས་པ་སྔར་བཞིན་བྱས་ལ། མོས་འདུན་ཤུགས་དྲག་པོས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསྒོམས་ལ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ཞེས་སོགས་སྨོན་ལམ་ཤླཽ་ཀ་གཉིས་ཀྱི་དོན་ཡིད་ལ་དྲན་བཞིན་དུ་གདབ་པར་བྱའོ། །འདི་ནི། ཤིན་ཏུ་ཟབ་པའི་མན་ངག་རྗེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱི་གདམས་པའོ།། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 



བརྒྱུད་འགོད།