རྗེ་ཡེ་ཤེས་རྒྱ་མཚོའི་ཚེ་རབས་རྗེས་འཛིན་བཞུགས་སོ། །
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-08-27 09:18:10
ཀློག་ཐེངས།
ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས། །ངུར་སྨྲིག་གར་མཛད་བློ་བཟང་དང་པོའི་མགོན། །དཀྱིལ་འཁོར་རྒྱ་མཚོའི་བདག་པོར་མངོན་བཞེངས་པ། །དྲིན་ཅན་བླ་མ་དམ་པར་གསོལ་བ་འདེབས། །ཡེ་ཤེས་ལྔ་ལྡན་རྒྱལ་བ་ཙོང་ཁ་བའི། །དྲི་མེད་ལུགས་བཟང་མདོ་སྔགས་བསྟན་པའི་གནད། །བཤད་དང་སྒྲུབ་པས་རྒྱ་མཚོའི་གོས་ཅན་མཐར། །སྤེལ་མཛད་དྲིན་ཅན་བླ་མར་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་མཁས་པའི་དེད་དཔོན་ལ། །བརྟེན་ནས་མདོ་རྒྱུད་གཞུང་ལུགས་རྒྱ་མཚོའི་འཇིངས། །ཐོས་བསམ་སྒོམ་པའི་གྲུ་ཡིས་ཉེར་བརྒལ་ནས། །རྒྱལ་བའི་གདུང་འཚོབ་གྱུར་ལ་གསོལ་བ་འདེབས། །རབ་འབྱམས་གཞུང་བརྒྱ་མང་དུ་ཐོས་པས་མཁས། །སྒོ་གསུམ་བག་ཡོད་ཁྲིམས་ཀྱིས་བསྡམས་པས་བཙུན། །གཞན་ཕན་རིན་ཆེན་སེམས་མཆོག་འབྱོངས་པས་བཟང་། །ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །འཆད་པས་མདོ་སྔགས་བདུད་རྩིའི་ཆུ་གཏེར་འགྱེད། །རྩོད་པས་སྨྲ་ངན་རྨོངས་པའི་དྲ་བ་གཅོད། །རྩོམ་ངག་ཚངས་སྲས་དབྱངས་ཀྱིས་མཁས་ཀུན་མགུ །སྨྲ་བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །ལྷག་བསམ་ཆུ་འཛིན་དྲ་བ་དཀྲིགས་པ་ལས། །ཟབ་རྒྱས་མན་ངག་དམ་ཆོས་བདུད་རྩིའི་ཆར། །སྐལ་ལྡན་ཡིད་ཀྱི་ཞིང་སར་འབེབས་མཁས་པ། །བཤེས་གཉེན་ཀླུ་ཡི་དབང་པོར་གསོལ་བ་འདེབས། །ཚེ་སྦྱིན་ལྷ་ཡི་གསང་གསུམ་བྱིན་རླབས་དང་། །འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན་བསྡུས་པ། །མི་ཤིགས་སྲོག་གི་ཟུངས་སུ་ཉེར་སྨིན་ནས། །ཁྱོད་ཞབས་རྡོ་རྗེའི་ཁམས་སུ་རྟག་བརྟན་ཤོག །མགོན་ཁྱོད་སྐྱབས་ཀུན་འདུས་པའི་བདག་ཉིད་དུ། །རྩེ་གཅིག་དད་གདུང་དྲག་པོས་གསོལ་འདེབས་ན། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ནས། །གསང་འཛིན་སྲས་ཀྱི་ཐུ་བོར་འགྱུར་བར་ཤོག །རྒྱལ་ཀུན་དགོངས་བཅུད་བློ་བཟང་རྒྱལ་བའི་བསྟན། །བཤད་དང་སྒྲུབ་པས་རྫོགས་ལྡན་དཔལ་ངོམས་པ། །གང་དུ་ཐེག་མཆོག་རྟེན་བཟང་རིམ་བརྒྱུད་ནས། །སྐྱེ་རྒུའི་འདྲེན་པ་མཆོག་ཏུ་མྱུར་འགྲུབ་ཤོག །གང་ཤར་བླ་མའི་གསང་གསུམ་རྣམ་རོལ་དུ། །བལྟ་བའི་གསལ་སྣང་ཏིང་འཛིན་མཐར་ཕྱིན་ཅིང་། །ཕྲ་བའི་རླུང་སེམས་བླ་མའི་གསང་གསུམ་དུ། །མངོན་པར་བཞེངས་པའི་ལམ་བཟང་མྱུར་འགྲུབ་ཤོག །རབ་འབྱམས་རྒྱལ་བ་སྲས་དང་བཅས་པས་ཀྱང་། །བདག་སོགས་སྨོན་པའི་དོན་རྣམས་ཡིད་བཞིན་དུ།།ལྷན་གྱིས་གྲུབ་པའི་དྲང་སྲོང་བདེན་པའི་དབྱངས། །ཕྱོགས་ཀྱི་འཁོར་ལོའི་སྤྲིན་དུ་འཁྲོལ་གྱུར་ཅིག །
ཅེས་གཞུང་བརྒྱ་སྨྲ་པའི་བཤེས་གཉེན་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་རྗེ་ཡེ་ཤེས་རྒྱ་མཚོའི་ཞལ་སྔ་ནས་ཀྱི་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་འཁྱམས་རུ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གི་ཇ་སག་ཏྰ་བླ་མ་ཁྲི་སྤྲུལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས། ལ་མོའི་ཡོངས་འཛིན་མིང་ཅན་བློ་བཟང་མཁས་གྲུབ་རྒྱ་མཚོ་ནས་ཉི་མ་བྱང་བགྲོད་ཀྱི་འཕེལ་བ་གསར་རྩོམ་གྱི་དུས་ཚེས་དགེ་བར་མང་ཡུལ་གྱི་ཆོས་གྲྭ་རྣམ་དག་ཁྲིམས་ལྡན་གླིང་ནས་བྲིས་པའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།
