མདོ་སྡེ་ཐར་པ་ཆེན་པོའི་སྨོན་ལམ་ཚིགས་སུ་བཅད་པ་ཐར་བའི་གྲོང་ཁྱེར་དུ་བགྲོད་པའི་ཉེ་ལམ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-03-25 13:58:36     རྩོམ་པ་པོ།   ཀོའུ་བ་ཆོས་ཀྱི་རྒྱ་མཚོ།     ཀློག་ཐེངས།  
       ཨོཾ་སྭ་སྟི། བྱེ་བ་ཕྲག་བརྒྱའི་འཛམ་གླིང་འཇིག་རྟེན་འདིར། །དེ་དང་གྲངས་མཉམ་ཤཱཀྱ་ཐུབ་པ་ཞེས། །མཚན་མཐུན་མཆོག་གི་སྤྲུལ་བའི་རྣམ་རོལ་བ། །སྟོན་པ་འཇིག་རྟེན་མིག་གྱུར་དེ་ལ་འདུད། །འགྲོ་བའི་སྐྱབས་གཅིག་ཤཱཀྱ་སེང་གེ་དེ། །གྲངས་མེད་འཁོར་ཚོགས་དང་བཅས་ཐབས་ཅིག་ཏུ། །དཔྱིད་ཟླ་འབྲིང་བོའི་ཡར་ཚེས་བཅོ་ལྔ་ལ། །སཱ་ལ་ཟུང་གི་ཚལ་དུ་གཤེགས་པའི་ཚེ། །ལམ་གྱི་ཉེ་འཁོར་རས་གཞི་མཉམ་པའི་ཐང་། །བཀྲ་ཤིས་ཉམས་དགའི་ཆུ་ཞེང་གབ་པ་རུ། །དཔག་ཚད་སྟོང་ཕྲག་དྲུག་ཅུ་ཡོད་པར་གཟིགས། །མོད་ལ་དེར་གཤེགས་ཆོས་སྟོན་དགོངས་པ་གཏད། །སྔོན་ཆད་གནས་དེར་ཆུ་སོགས་མ་མཆིས་ཀྱང་། །སྟོན་པ་ཏིང་ངེ་འཛིན་ལ་སྙོམས་བཞུགས་པས། །དེ་མ་ཐག་ཏུ་ས་གཞི་དེ་དབུས་ནས། །སྟོང་ཁམས་ཁྱབ་པའི་གསེར་གྱི་མེ་ཏོག་བྱུང་། །དེ་ཡི་འཕང་དུ་དཔག་ཚད་འབུམ་ཕྲག་བཞི། །བཻཊཱུརྱ་ཡི་དྲ་བས་ལེགས་པར་སྤྲས། །དེ་འོག་རིན་ཆེན་ཁྲུས་ཀྱི་རྫིང་བུ་ནི། །ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་གང་བ། །ངོས་བཞིར་མེ་ཏོག་སྣ་ཚོགས་མངོན་པར་བཀྲམ། །གང་ཞིག་རྫིང་བུ་རིན་ཆེན་མེ་ཏོག་བཅས། །མཐོང་བ་ཙམ་གྱིས་ཆོས་མིག་རྣམ་དག་ཅིང་། །དེར་ཞུགས་ཁྲུས་བྱས་ཆོས་ལ་བཟོད་པ་ཐོབ། །ཁྱད་འཕགས་གསེར་གྱི་མེ་ཏོག་དེའི་དྲུང་དུ། །ཡིད་འཕྲོག་རིན་ཆེན་ལས་གྲུབ་སེང་གེའི་ཁྲི། །འཕང་དུ་དཔག་ཚད་བརྒྱ་བ་གཟི་འོད་འབར། །ཁྲི་དེར་་མི་ཡི་སེང་གེ་ལེགས་བཞུགས་ནས། །ཉིད་སྐུའི་བ་སྤུའི་བུ་ག་ཐམས་ཅད་དང་། །ཡན་ལག་ཀུན་ནས་གསེར་གྱི་ཁ་དོག་བྱུང་། །མཚུངས་པའི་འོད་ཀྱི་ཞིང་ཀུན་ཁྱབ་པར་བྱས། །སྨེ་བཙོག་ཀུན་བསལ་ངན་སོང་རྒྱུད་རྣམས་གྲོལ། །འོད་དེས་བསྐུལ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི། །ཞིང་ཁམས་དེར་གནས་ཀྱིས་ཀྱང་རྒྱལ་བའི་སྲས། །བྱང་སེམས་ཆེན་པོ་བྱེ་བ་ཕྲག་བཅུ་བཅུ། །སོ་སོའི་རྒྱལ་ལ་ཕྱག་བྱས་ཞིང་འདིར་ལྷགས། །གྲངས་མེད་འཁོར་ཚོགས་རྒྱ་མཚོ་དེ་དབུས་ནས། །གཟུངས་སྤོབས་མངོན་ཤེས་རྣམ་དཔྱོད་ཆེར་ལྡན་པ། །རྒྱལ་སྲས་རྣམས་ཀྱི་མ་འོངས་སེམས་ཅན་ལ། །ཕན་ཕྱིར་རྒྱལ་ལ་ཆོས་དོན་སྣ་ཚོགས་ཞུས། །དེ་ལ་སྟོན་པའི་ཞལ་གྱི་པདྨོ་ལས། །འཕྲུལ་གྱི་ལྗགས་བརྐྱང་དུང་གི་ཚེམས་བར་ནས། །ཡན་ལག་དྲུག་ཅུ་ཚངས་པའི་དབྱངས་ཕྱུང་སྟེ། །རིམ་བཞིན་སོ་སོའི་དྲིན་ལན་བཀའ་སྩལ་པ། །ང་ཡི་ཐེག་གསུམ་སངས་རྒྱས་ལམ་དུ་གཅིག །འོན་ཀྱང་སེམས་རྒྱ་ཆུང་འབྲིང་ཆེ་གསུམ་གྱི། །བློ་དང་འཚམ་པར་ངེས་བསྟན་ཆོས་ཚུལ་ལ། །ཐེག་པ་གསུམ་ཞེས་མིང་གིས་བསྟན་པ་ཙམ། །དཔེར་ན་སྐྱེས་བུ་གཅིག་ལ་མིང་གསུམ་སྟེ། །བྱིས་པ་དར་མ་རྒན་པོ་ཞེས་བྱ་བར། །མིང་ཚིག་གསུམ་གྱི་སོ་སོར་བསྟན་མོད་ཀྱང་། །བརྗོད་དོན་གཙོ་བོ་སྐྱེས་བུ་གཅིག་གི་རྒྱུད། །གཞན་ཡང་ཐེག་ཆེན་འཇུག་སྒོ་བྱང་ཆུབ་སེམས། །རྒྱལ་སྲས་བློ་སྦྱོང་རླབས་ཆེན་སྤྱོད་པ་སོགས། །མདོར་ན་ཐེག་པ་མཆོག་གིས་བགྲོད་པ་ཡི། །གཞི་ལམ་འབྲས་བུའི་རྣམ་བཞག་ལེགས་པར་གསུངས། །ཁྱད་པར་ཐེག་པ་ཆེ་དང་འཕྲད་དཀའ་ཞིང་། །སྐྱེས་བུ་དོན་ཆེན་སྒྲུབ་པའི་ཐབས་མཁས་མཆོག །ཡིན་ཕྱིར་མཉམ་ཉིད་མདོ་སྡེ་སྲུང་ལ་སོགས། །ཐེག་ཆེན་དམ་ཆོས་འཛིན་ལ་བརྩོན་དགོས་ཞེས། །གསུང་ཞིང་མདོ་སྡེ་མཆོག་འདི་བཀའ་སྩལ་བའི། །རྐང་གཉིས་གཙོ་བོ་འདྲེན་པ་རྣམས་ཀྱི་མཚན། །ཐོས་པ་ཙམ་གྱིས་བསྐལ་བ་ཆེན་པོ་ནི། །ཁྲི་ཕྲག་བཞི་བཅུའི་བར་དུ་དམྱལ་མི་ལྟུང་། །དེ་བཞིན་མདོ་སྡེ་ཆེན་པོ་བཅུ་གཉིས་དང་། །འདིར་བསྟན་བྱང་སེམས་རྣམས་ཀྱི་མཚན་ཐོས་པས། །བསྐལ་བ་ཆེན་པོ་ཁྲི་ཕྲག་ཉི་ཤུ་དང་། །སྟོང་ཕྲག་བཞི་བཅུའི་བར་དུ་དམྱལ་མི་ལྟུང་། །དེ་བཞིན་སྟོང་གསུམ་གྲངས་མེད་རིན་ཆེན་གྱིས། །ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། །མདོ་འདི་ཡི་གེར་བྲིས་དང་ཀློག་པ་དང་། །གླེགས་བམ་བགྱིས་ཏེ་འཆང་བ་བསོད་ནམས་ཆེ། །གཞན་ཡང་སྟོང་གསུམ་འགྲོ་ལ་སྲོག་གི་སྐྱབས། །སྦྱིན་པ་པས་ཀྱང་མདོ་སྡེ་མཆོག་འདི་ཡི། །ཚིགས་བཅད་གཅིག་གི་དོན་ཙམ་གཞན་དག་ལ། །ལེགས་པར་བཤད་པས་ཕན་ཡོན་ཆེ་བར་གསུངས། །མདོར་ན་མདོ་སྡེ་མཆོག་འདི་ཀློག་ཙམ་གྱིས། །ཚུལ་འཆལ་མཚམས་མེད་ལྔ་སྤྱོད་དམ་ཆོས་ལ། །སྐུར་བ་བཏབ་སོགས་མི་བཟད་སྡིག་པའི་ལས། །ཡོངས་སུ་འབྱང་སྟེ་མྱ་ངན་འདས་ཐོབ་གསུངས། །དེ་འདྲའི་མདོ་སྡེ་དམ་པ་མཆོག་འདི་ཡི། །ངོ་མཚར་ཕན་ཡོན་དཔག་མེད་ལེགས་གཟིགས་ནས། །སྔོན་གྱི་དམ་པ་རྣམས་ཀྱི་མཛད་སྲོལ་གྱིས། །མདོ་འདི་མདོ་ཁམས་ཕྱོགས་འདིར་ཤིན་ཏུ་དར། །དེ་ཕྱིར་མདོ་སྡེ་འདི་ལ་རྩེ་གཅིག་ཏུ། །ཡིད་ཆེས་དད་པ་རྙེད་པའི་སྦྱིན་བདག་ནི། །ལྷ་རྒྱལ་འབྲུག་གིས་མཐུན་རྐྱེན་ལེགས་སྦྱར་ཏེ། །ཕ་མའི་གཙོ་བྱས་སེམས་ཅན་ཀུན་དོན་དུ། །མཐིང་ཤོག་བཻཊཱུརྱ་ཡི་གཞལ་མེད་ཆེར། །འཕྲུལ་ཡིག་རིན་ཆེན་ལྷ་བུར་གཞོན་ནུའི་ཚོགས། །ཡིད་འོང་སྒྲོས་ལེགས་མིག་གིས་དགའ་སྟོན་འདི། །སྦྱངས་མཁས་ལག་པའི་འདུ་བྱེད་དག་གིས་བསྐྲུན། །དེ་ལས་ཐོབ་པའི་རྣམ་དཀར་དགེ་བའི་མཐུས། །སྐྱེ་བ་ཀུན་ཏུ་དམ་ཆོས་སྒྲུབ་པའི་རྟེན། །ཡོན་ཏན་བདུན་གྱིས་བརྒྱན་པའི་ལུས་ཐོབ་ནས། །བཤེས་གཉེན་དམ་པས་འབྲལ་མེད་འཛིན་པར་ཤོག །དེ་ཚེ་ཐོག་མར་སྡིག་ལྟུང་རྣམ་སྨིན་ལ། །འཇིགས་པ་ལྷུར་ལེན་གསུམ་ལ་སྐྱབས་འགྲོ་ཞིང་། །སྡུག་བསྔལ་བརྒྱས་གཟིར་དྲིན་ཅན་མ་རྣམས་ཀྱི། །དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཤོག །སྔོན་ཆད་ཚེ་རབས་སྟོང་དུ་བསགས་པ་ཡི། །མི་བཟད་རྣམ་པར་སྨིན་པའི་སྡིག་ལྟུང་ལས། །སྲོག་འཕྲོག་དུག་ཆེན་ཟོས་པའི་སྐྱེས་བུ་བཞིན། །སྙིང་ནས་འགྱོད་པ་དྲག་པོ་སྐྱེ་བར་ཤོག །དེ་ནས་སླན་ཆད་སྐྱེ་བ་ཀུན་ཏུ་ཡང་། །གཅེས་པའི་སྲོག་ལ་བབ་ཀྱང་སྡིག་པའི་ལས། །ཕྲ་མོ་ཙམ་ཡང་མི་བགྱིད་དམ་བཅས་ན། །ཉེས་པ་ཀུན་ལས་གཏན་ནས་ལྡོག་པར་ཤོག །མདོ་སྡེ་ཀློག་དང་གཟུངས་སྔགས་བཟླས་བརྗོད་བརྩོན། །སྐུ་གཟུགས་བཞེངས་དང་མཆོད་རྟེན་བསྙེན་བཀུར་དང་། །མཚན་རབས་འཛིན་དང་གནས་ལུགས་སེམས་པ་སོགས། །སྡིག་ལྟུང་སྦྱོང་བྱེད་གཉེན་པོ་བསྟེན་པར་ཤོག །དེ་ལྟར་བསགས་སྦྱངས་གཉིས་ལ་རབ་འབད་པས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་ཏེ། །སྒྲིབ་གཉིས་འཆིང་ལས་གྲོལ་བའི་གོ་འཕང་མཆོག །ཆོས་དང་གཟུགས་ཀྱི་སྐུ་གཉིས་ཐོབ་པར་ཤོག །གནས་སྐབས་ཀུན་ཏུའང་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རྟག་ཏུ་སྒོ་གསུམ་བྱ་བ་ཀུན་གྱིས་ཀྱང་། །རྒྱལ་བ་དགྱེས་བྱེད་འབའ་ཞིག་འགྲུབ་པར་ཤོག །
ཅེས་མདོ་སྡེ་ཐར་པ་ཆེན་པོའི་སྨོན་ལམ་ཚིགས་སུ་བཅད་པ་ཐར་བའི་གྲོང་ཁྱེར་དུ་བགྲོད་པའི་ཉེ་ལམ་ཞེས་བྱ་བ་འདི་ནི། དད་གཏོང་བློ་གྲོས་ཕུན་སུམ་ཚོགས་པའི་ནང་སོ་བློ་བཟང་བཀྲ་ཤིས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ༧རབ་འབྱམས་སྨྲ་བའི་མིང་ཅན་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས། རྨ་ཀླུང་གི་སའི་ཆ་དབེན་གནས་ཆོས་རྫོང་དུ་སྦྱར་བའོ། །
༼དབེན་གནས་ཆོས་རྫོང་ཟེར་བ་ནི། ཁོང་གི་འཁྲུངས་ཡུལ་རྨ་འགྲམ་སྐར་མ་ཐང་སྒར་འོག་མའི་བྱང་ངོས་སུ་ཡོད་པའི་རི་ཁྲོད་ལྷུན་གྲུབ་ཆོས་རྫོང་ཡིན་ནོ། །༽ མདོ་སྨད་ཀྱི་རྒྱ་མཚོ་ཆེན་པོ་བཞིའི་ཡ་གྱལ་ཀོའུ་བ་ཆོས་ཀྱི་རྒྱ་མཚོས་མཛད་པའི་མདོ་སྡེ་ཐར་པ་ཆེན་པོའི་སྨོན་ལམ་ཚིགས་སུ་བཅད་པ་ཐར་བའི་གྲོང་ཁྱེར་དུ་བགྲོད་པའི་ཉེ་ལམ་ཞེས་བྱ་བ་འདི་ནི་ཉེ་ལམ་གསར་དུ་རྙེད་པའིི་གནའ་དཔེ་ཐར་མདོ་གསེར་བྲིས་མ་གཉིས་ལས་ཞིབ་བསྡུར་བྱས་ཏེ་ཞོ་བཟང་དགེ་འདུན་ཚུལ་ཁྲིམས་ཀྱིས་ཡི་གེར་གཏག་སྟེ་ཀློག་མཁན་དག་གིས་སྤྱན་ལམ་དུ་ཕུལ་བ་དགེའོ། །

   རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།