དབང་མཛད་སྒྲོལ་མ་དམར་མོའི་རྒྱུན་འཁྱེར་མདོར་བསྡུས་བཞུགས་སོ། །
༄༅། །ན་མོ་གུ་རུ་ཀུ་རུ་ཀུལླེ་བྷྱཿ འདིར་ལྷན་སྐྱེས་རོལ་བ་ནས་བརྒྱུད་པའི་ཀུ་རུ་ཀུལླེ་ཕྱི་སྒྲུབ་དཔའ་མོ་གཅིག་པ་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ལ།
སྤྲོས་བྲལ་ངང་ནས་རང་ཉིད་བཅོམ་ལྡན་མ། །
ཀུ་རུ་ཀུལླེ་ཞལ་གཅིག་ཕྱག་བཞི་མ། །
ཨུཏྤལ་མདའ་གཞུ་ལྕགས་ཀྱུ་ཞགས་པ་འཛིན། །
དམར་པོའི་འོད་ཆགས་ཉི་འབུམ་གཟི་བྱིན་འབར། །
གནས་གསུམ་ཡི་གེ་གསུམ་མཚན་ཧྲཱིཿའོད་ཀྱིས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང་། །ཕྱི་ནང་གསང་བའི་མཆོད་པས་མཉེས་པར་གྱུར། །གང་གི་གསང་གསུམ་ཡོན་ཏན་ཕུང་བོ་ལ། །དང་བས་བསྟོད་ཅིང་ཐུགས་ཀར་ཉི་སྟེང་དུ། །ཧྲཱིཿཡིག་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས། །འོད་འཕྲོས་དབང་གི་འཕྲིན་ལས་ཀུན་འགྲུབ་གྱུར། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ།
ཅི་འགྲུབ་བཟླས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རིག་བྱེད་དབང་མོ་འགྲུབ་གྱུར་ནས། །ཞེས་སོགས་སྨོན་ལམ་དག་པས་མཚམས་སྦྱོར་བྱའོ། །
ཞེས་པ་འདི་ནི་ས་སྐྱོང་མི་ཡི་དབང་བོ་ཆོས་རྗེ་དགེ་འདུན་ཡར་འཕེལ་དང་། ནང་སོ་ཆོས་སྐྱོང་ཚེ་རིང་སོགས་ཀྱིས་བསྐུལ་ངོར། གྱི་ན་བ་ ༧ འཇིགས་མེད་འཕྲིན་ལས་རྒྱ་མཚོས་རྒྱལ་ཁབ་མི་འགྱུར་རྡོ་རྗེའི་ཕོ་བྲང་དུ་སྦྱར་བའི་ཡི་གེ་བ་ནི་དགེ་སློང་བསྟན་པ་ཡར་འཕེལ་ལོ། །
ཡིག་གཏགས་པ། ལྡེ་ཚ་རྣམ་རྒྱལ་ཚེ་རིང་།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn