༧ ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་བོའི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས།
༄༅། །བློ༵་བཟ༵ང་བཤ༵ད་སྒྲུབ༵་བསྟན་ལ་ལེགས་བྱས་ཀྱི། །
མཛད་བཟང་འོད་དཀར་སྣང་བའི་ཟེགས་མ་ཡིས། །
དགེ་ལེགས་ཕན་བདེ་རྒྱ༵་མཚོ༵་སྤེལ་བའི་གཉེན། །
མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །
ཆོས་སྐུ་ཡེ་ཤེས་ཀློང་ལས་གཡོ་མེད་ཀྱང་། །
ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་ལྷུར་གཟིགས་ནས། །
གཟུགས་སྐུའི་གར་གྱིས་རྒྱལ་སྲས་སྤྱོད་པ་ཡིས། །
ལུས་ཅན་སྲིད་པའི་མཚོ་ལས་སྒྲོལ་བར་མཛོད། །
འཇམ་མགོན་ལུང་རྟོགས་བསྟན་པའི་ཉིན་བྱེད་ཆེ། །
འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་གསུམ་གྱི། །
དམར་སེར་འོད་སྣང་དུས་མཐར་རབ་རྒྱས་པའི། །
ཐུགས་བསྐྱེད་ལྷ་ལམ་ཡངས་པའི་རྒྱན་བཞེས་ཤིག །
བདག་ཅག་ཉམ་ཐག་འགྲོ་ལ་ལྷག་བསམ་གྱི། །
སྙིང་རྗེས་གཟིགས་པ་དུས་ལས་མི་ཡོལ་བར། །
སྲིད་པའི་ཚ་གདུང་སེལ་བའི་རྔ་ཡབ་ཀྱིས། །
གཏན་བདེ་མཆོག་ཏུ་ཞི་བའི་དབུགས་དབྱུང་མཛོད། །
གསང་གསུམ་སྒྱུ་མའི་ཟློས་གར་རོལ་བའི་ཚེ། །
བདག་སོགས་སྲས་ཀྱི་ཐུ་བོར་རྗེས་བཟུང་སྟེ། །
ལེགས་བཤད་གསུང་གི་བྱིན་རླབས་སྙིང་དབུས་སུ། །
ཞུགས་ཏེ་བསྟན་པའི་བྱ་བ་མཐར་ཕྱིན་ཤོག །
མདོར་ན་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །
འདྲེན་མཆོག་བླ་མ་ཁྱོད་དང་མི་འབྲལ་བར། །
བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱས་ཏེ། །
གསང་གསུམ་ཟབ་མོའི་སྣོད་དུ་བདག་གྱུར་ཅིག །
བསྟན་པའི་སྙིང་བོ་ཕྱོགས་བཅུར་དར་བ་དང་། །
ཁྲིམས་འཛིན་འདུས་སྡེའི་ཆོས་སྤྱོད་བྱ་བ་འཕེལ། །
འཇིག་རྟེན་ཕན་བདེ་ཡུན་དུ་གནས་པ་དང་། །
རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག །
ཅེས་བསྟན་པའི་གསལ་བྱེད་དམ་པ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་བོའི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་འདི་ནི། བྱ་ཁྱུང་དགོན་པའི་དགེ་བཤེས་སྤྲུལ་བའི་སྐུ་མཆོག་ནས་ལྷ་རྫས་དང་བཅས་ཡང་ཡང་བསྐུལ་བར་བརྟེན། བསེ་སྐྱེ་མིང་བ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ནས་ཆུ་རྟ་ལོའི་(༢༠༠༢)བོད་ཟླ་༡༡པའི་ཚེས་༦ཉིན་འཕྲལ་དུ་བྲིས་པ་དགེ་ལེགས་འཕེལ།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn