རིམས་ནད་ངན་པ་ཞི་བའི་གསོལ་འདེབས།
༄༅། །དུས་གསུམ་རྒྱལ་བ་ཐམས་ཅད་ལས།།
ཐུགས་རྗེ་བཀའ་དྲིན་ལྷག་པ་ཡི།།
བདག་གི་བླ་མ་ཐམས་ཅད་མཁྱེན།།
གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
དུས་ངན་འདི་འདྲའི་ཐ་མ་ལ།།
སྔོན་ལས་འཕྲལ་རྐྱེན་ངན་པའི་འོག།
ཏོག་དབྱིབས་ནད་རིམས་གསར་པ་ཞིག།
འཛམ་གླིང་ཡུལ་གྲུ་གང་སར་ཁྱབ།།
བརྒྱ་ཕྲག་དུ་མ་ཚེ་ལས་འདས།།
ཁྲི་ཕྲག་མང་པོ་ནད་ཀྱིས་མནར།།
ཐམས་ཅད་འཇིགས་སྐྲག་གཡང་ལ་ལྷུང་།།
ཀྱེ་ཧུད་སྙིང་ནས་འཇིགས་ཤིང་དངངས།།
གཙོ་བོ་རང་གི་ལས་སུ་སོམས།།
ཉམ་ཐག་བྱེའུ་ཁག་མ་འགེལ།།
ནད་པ་རྣམས་ལ་ལེ་མ་བརྡར།།
ཕན་ཚུན་བར་ལ་ནང་མ་འཁྲུག།
དམ་པའི་ཆོས་ལ་སྐུར་མ་འདེབས།།
མི་མང་ནང་དུ་ཟིང་མ་སློང་།།
གཏམ་འཆལ་ངན་པ་མ་བཤད་པ།།
ཅི་ནུས་ཕན་པར་གྱིས་ཤིག་ཀྱེ།།
སྐྱེ་བོ་བཟང་ངན་སུ་ལ་ཡང་།།
འདི་འདྲའི་ནད་ངན་མི་འབྱུང་ཤོག།
ཁྱོད་ཅག་ནད་མནར་སྐྱེ་བོ་ཀུན།།
མྱུར་དུ་ནད་ལས་ཐར་གྱུར་ཅིག།
རང་སྲོག་དོར་བའི་ལྷ་རྗེ་རྣམས།།
དགའ་བས་སྙིང་ནས་ཡི་རང་ངོ་།།
ནད་པ་རོགས་སྐྱོར་མཛད་མཁན་དང་།
སྨན་གཡོག་རྣམས་ལའང་བདག་ཡི་རང་།།
ལས་འབྲས་དུས་སུ་སྨིན་པ་ལ།།
སྨྲེ་སྔགས་ལེ་བརྡར་མི་རིགས་མོད།།
འོན་ཀྱང་སྙིང་ནས་མ་བཟོད་པར།།
གདུང་བའི་སྨྲེ་སྔགས་འགའ་ཞིག་ཐལ།།
སྐྱབས་ཡུལ་དཀོན་མཆོག་གསུམ་པོ་ཀུན།།
ཐུགས་ཀྱི་དགོངས་པ་མ་གཡེལ་བ།།
རིམས་ནད་དྲག་པོས་མནར་བ་ཡི།
ཉམ་ཐག་རྣམས་ལ་དགོངས་སུ་གསོལ།།
རྒྱུན་དུ་གསོལ་བ་འདེབས་པའི་ཡུལ།།
བསླུ་མེད་དཀོན་མཆོག་གསུམ་པོ་ལ།།
དད་དམ་འགྱུར་བར་མེད་པ་ཡིས།།
གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
ཉམ་ཐག་སེམས་ཅན་ཐམས་ཅད་དང་།།
ཁྱད་པར་ནད་མནར་འགྲོ་བ་ཀུན།།
སྡུག་བསྔལ་རྒྱུ་དང་བཅས་པ་ལས།།
གྲོལ་ནས་བྱང་ཆུབ་མྱུར་ཐོབ་ཤོག།
ནད་རིམས་གདོན་བགེགས་ཐམས་ཅད་དང་།།
བདག་དང་སེམས་ཅན་ཆོས་རྣམས་ཀུན།།
བརྟེན་ཅིང་འབྲེལ་བར་འབྱུང་བ་ཡིས།།
གདོད་ནས་རྣམ་དག་རང་བཞིན་མེད།།
ཕྱོགས་བཅུ་བཞུགས་པའི་སངས་རྒྱས་དང།།
བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།།
མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀུན།།
རིམས་འདི་ལྡོག་པར་བྱིན་གྱིས་རློབས།།
དད་དམ་དྲག་པོས་གསོལ་བཏབ་པས།།
སྐྱབས་ཡུལ་འོད་དང་སྦུག་གུ་ལས།།
ཟག་མེད་ཡེ་ཤེས་བདུད་རྩི་འབབ།།
སྒོ་གསུམ་སྡིག་སྒྲིབ་དག་པར་མཛོད།།
དད་དམ་དྲག་པོས་གསོལ་བཏབ་པས།།
སྐྱབས་ཡུལ་འོད་དང་སྦུག་གུ་ལས།།
འཆི་མེད་ཚེ་ཡི་བདུད་རྩི་འབབ།།
ཚེ་ཡི་བར་ཆད་ལྡོག་ཏུ་གསོལ།།
དད་དམ་དྲག་པོའི་གསོལ་བཏབ་པས།།
སྐྱབས་ཡུལ་འོད་དང་སྦུག་གུ་ལས།།
ནད་མེད་སྨན་གྱི་བདུད་རྩི་འབབ།།
རིམས་ནད་མྱུར་དུ་བསལ་བར་མཛོད
སེམས་ཅན་ནད་པ་ཇི་སྙེད་པ།།
མྱུར་དུ་ནད་ལས་ཐར་གྱུར་ཅིག།
འགྲོ་བའི་ནད་རྣམས་མ་ལུས་པ།།
རྟག་ཏུ་འབྱུང་བ་མེད་པར་ཤོག།
སྙིགས་མ་ལྔ་བདོའི་དུས་ངན་འདིར།།
བསྐལ་བཟང་རྣམ་འདྲེན་ཐམས་ཅད་ལས།།
ཐུགས་རྗེ་སྙིང་སྟོབས་ཆེས་ཆེ་བའི།།
རྣམ་འདྲེན་ཤྰཀྱ་ཐུབ་པ་མཁྱེན།།
དུས་གསུམ་རྒྱལ་བ་ཐམས་ཅད་ལས།།
ནད་ཀྱིས་མནར་བའི་སྐྱེ་བོ་ལ།།
ཐུགས་བསྐྱེད་སྨོན་ལམ་ཕུལ་བྱུང་བའི།།
སངས་རྒྱས་སྨན་གྱི་བླ་མ་མཁྱེན།།
སྐྱེ་འགྲོ་འཇིགས་ལས་སྐྱོབ་པ་ལ།།
དུས་དང་རྣམ་པ་ཐམས་ཅད་དུ།།
འཕྲིན་ལས་འཇུག་པ་ཆེས་མྱུར་བའི།།
རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན།།
སྟེང་ལ་གདུགས་དཀར་འཁོར་ལོ་འཁོར།།
ཕྱག་ཞལ་སྤྱན་སྟོང་འབར་བ་ཆེ།།
རིམས་དང་ནད་ཀུན་འཇོམས་མཛད་པའི།།
བཅོམ་ལྡན་གཙུག་གཏོར་གདུཊ་དཀར་མཁྱེན།།
རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་སྐུ།།
གང་གི་བསྒྲུབ་པས་ནད་རིམས་བགེགས།།
ཀུན་ནས་ཞི་བར་མཛད་པ་ཡི།།
ལྷ་མོ་ལོ་མ་གྱོན་མ་མཁྱེན།།
རྒྱལ་ཀུན་སྙིང་རྗེའི་རང་བཞིན་སྐུ།།
ལྗོངས་འདི་བརྩེ་བས་བདག་གིར་བཞེས།།
གངས་རིའི་མགོན་པོ་སྤྱན་རས་གཟིགས།།
འཕགས་མཆོག་ཐུགས་རྗེ་ཆེན་པོ་མཁྱེན།།
ཁྲོ་བོ་དབང་པོ་ཡོངས་ཀྱི་གཙོ།།
མི་དང་མི་མིན་འབྱུང་པོ་དང་།།
ནད་རིམས་གདོན་བགེགས་ཡོངས་ཀྱི་གཤེད།།
ཁྲོ་རྒྱལ་རྟ་མགྲིན་ཡབ་ཡུམ་མཁྱེན།།
སྟེང་འོག་བར་གསུམ་གདོན་བགེགས་དང་།།
ནད་རིམས་བར་ཆད་ཐམས་ཅད་ལ།།
མཐུ་སྟོབས་ཐོགས་པ་མི་མངའ་བའི།།
གསང་བདག་ཕྱག་ན་རྡོ་རྗེ་མཁྱེན།།
གཞན་ཡང་སངས་རྒྱས་བྱང་སེམས་དང་།།
ཆོས་ཉིད་འགྱུར་བ་མེད་པ་དང་།།
ལས་འབྲས་བསླུ་བ་མེད་པ་དང་།།
དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས།།
ནད་འདི་དམིགས་མེད་ཞི་བ་དང་།།
གཞན་ཡང་སྐྱེ་བོ་ཐམས་ཅད་ལ།།
རིམས་ནད་ངན་པའི་མིང་ཙམ་ཡང་།།
འཇིག་རྟེན་འདི་ན་མི་འབྱུང་ཤོག།
ཅེས་རྒྱལ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཏོག་དབྱིབས་ནད་དུག་གསར་པ་ཟེར་བའི་འཇིགས་སུ་རུང་བའི་ནད་རིམས་ཞིག་རིམ་གྱིས་མཆེད་དེ་འཛམ་གླིང་སྐྱེ་བོ་ཕལ་ཆེར་འཇིགས་སྐྲག་གི་ངང་ལ་གནས་པའི་ཚེ་དགེ་བཤེས་བསོད་ནམས་ཆོས་གྲགས་ཀྱིས་སྙིང་ནས་མ་བཟོད་པར་ནད་རིམས་མྱུར་དུ་ཞི་བའི་ཆེད་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྒོ་ནས་བདུད་རྩི་འབེབས་སྦྱང་བྱ་བ་དང་ཟབ་མོ་སྟོང་པ་ཉིད་བསྒོམ་པ་དང་དམིགས་བསལ་ལྷ་དང་བླ་མ་ལ་དད་དམ་ཟབ་མོས་གསོལ་བ་དང་བསྙེན་པར་མཛད་ན་ངེས་པར་ཕན་ངེས་ཀྱི་བསམ་པ་བཟང་པོས་ཀུན་ནས་སློང་སྟེ་ཕྱི་ལོ་༢༠༢༠་ལོའི་༠༡་ཚེས་༣༠་ཉིན་བྲིས་པའོ།།།།ཀུན་ལ་ཕན་པར་གྱུར་ཅིག།