སྒྲོལ་མའི་གཡང་འབོད་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-02-22 12:45:22     རྩོམ་པ་པོ།   འཇིགས་མེད་དམ་ཆོས་རྒྱ་མཚོ།    ཀློག་ཐེངས།  

༄༅། །མཆོག་གསུམ་སྤྱི་དང་ཁྱད་པར་རྗེ་བཙུན་མ། །

འཕགས་པ་ཛམྦྷ་ལ་དང་ནོར་རྒྱུན་མ། །

རྣམ་མང་ཐོས་སྲས་རྟ་བདག་བརྒྱད་ལ་སོགས། །

ཕུན་ཚོགས་ཕྱྭ་གཡང་འགུག་པའི་མགོན་དུ་བྱོན། །

ཚངས་དབང་ཁྱབ་འཇུག་ཉི་ཟླ་ལ་སོགས་པའི། །

སྟེང་ཕྱོགས་ལྷ་ཡི་བསོད་ནམས་དཔལ་འབྱོར་གཡང་། །

དགའ་བོ་འཇོག་པོ་གཙུག་ན་རིན་ཆེན་སོགས། །

འོག་ཕྱོགས་ཀླུ་ཡི་དཔལ་འབྱོར་གཡང་ཁུག་ཅིག །

འཁོར་ལོས་བསྒྱུར་བའི་རྒྱལ་བོ་ལ་སོགས་པའི། །

བར་གྱི་མི་ཡི་གསེར་དངུལ་དར་ཟབ་གཡང་། །

བུ་དང་ཚ་བོ་ཡང་ཚ་ལ་སོགས་པའི། །

རིགས་རྒྱུད་ཕུན་སུམ་ཚོགས་པའི་གཡང་ཁུག་ཅིག།

རྒྱ་གར་རྒྱ་ནག་བོད་ཡུལ་ལ་སོགས་པའི། །

ཆ་བྱད་སྐད་རིགས་སྣ་ཚོགས་འབྱོར་བའི་གཡང་། །

དམ་ཆོས་བསྒྲུབ་དང་མི་མཐུན་དཔུང་འཇོམས་པའི། །

དཔའ་སྟོབས་འགྱུར་མེད་སྙིང་སྟོབས་གཡང་ཁུག་ཅིག །

མྱུར་མགྱོགས་ཤུགས་ལྡན་རྟ་མཆོག་ཅང་ཤེས་དང་། །

གནག་ལུག་ལ་སོགས་རྐང་བཞི་ཕྱུགས་ཀྱི་གཡང་། །

གྲོ་ནས་འབྲས་དཀར་ཏིལ་སྲན་འབྲུ་རིགས་དང་། །

མངར་གསུམ་ཤིང་ཏོག་ཟས་ཀྱི་གཡང་ཁུག་ཅིག །

སྲབ་འཇམ་དྲོད་ལྡན་མདོག་ལེགས་གོས་མཆོག་དང་། །

བཅུད་ལྡན་བདུད་རྩི་འོ་ཞོ་བཏུང་བའི་གཡང་། །

ཡིད་བཞིན་ནོར་དང་གསེར་དངུལ་རིན་ཆེན་བདུན། །

རིན་ཐང་ཆེ་བའི་ནོར་གྱི་གཡང་ཁུག་ཅིག །

མདོར་ན་སྔོན་བསགས་མཆོད་སྦྱིན་བསོད་ནམས་འབྲས། །

མཆོག་གསུམ་ནོར་ལྷའི་བྱིན་རླབས་གྲུ་ཆར་གྱིས། །

དུས་ལས་ཡོལ་བ་མེད་པར་བསྐྱངས་པ་ལས། །

རང་གཞན་དོན་གཉིས་འགྲུབ་པའི་གཡང་ཁུག་ཅིག །

འབད་དང་རྩོལ་བ་མི་དགོས་པའི། །

ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །

སེམས་ཅན་རེ་བ་སྐོང་མཛད་པའི། ། 

བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག ། 

༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའོ། །

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།