རྗེ་ཡེ་ཤེས་རྒྱ་མཚོའི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་བཞུགས་སོ། །
༄༅། །རྣམ་དག་བསླབ་གསུམ་རྩ་བ་རབ་བརྟན་ཅིང་། །
མདོ་སྔགས་ཆོས་ཚུལ་གཟིགས་པའི་ཡེ༵་ཤེ༵ས་ཀྱིས། །
ཡོན་ཏན་ཁོ་ལག་རྒྱ༵་མཚོ༵འི་ཁྱོན་བརྒལ་བ། །
བཤེས་གཉེན་དཔག་བསམ་དབང་བོར་གསོལ་བ་འདེབས། །
འདུལ་བ་འབུམ་སྡེར་ཡོན་ཤཱཀ་རྣམ་གཉིས་དང་། །
ཚད་མའི་གཞུང་ལ་ཕྱོགས་གླང་ཆོས་གྲགས་བཞིན། །
མངོན་པའི་སྡེ་ལ་ཐོགས་མེད་སྐུ་མཆེད་དང་། །
དབུ་མའི་གཞུང་ལ་ཀླུ་སྒྲུབ་ཡབ་སྲས་ལྟར། །
མིང་ཙམ་མིན་པའི་དོན་གྱི་དགེ་བའི་བཤེས། །
དཔལ་ལྡན་བླ་མ་ཁྱེད་ལ་གསོལ་བ་འདེབས། །
འདི་དང་ཕྱི་མ་བར་དོའི་གནས་སྐབས་སུ། །
འབྲལ་མེད་དགྱེས་བཞིན་རྗེས་སུ་གཟུང་དུ་གསོལ། །
དེང་ནས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །
ཁྱོད་དང་རྨི་ལམ་དུ་ཡང་མི་འབྲལ་ཞིང་། །
ཟབ་རྒྱས་གསུང་གི་བདུད་རྩིའི་རོ་མྱང་སྟེ། །
ཟུང་འཇུག་རྡོ་རྗེ་འཆང་གི་ས་ཐོབ་ཤོག །
ཅེས་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་རྒྱ་མཚོའི་རྗེས་འཛིན་གསོལ་འདེབས་འདི་ཡང་དད་བརྩོན་ལྡན་པ་ཡོན་ཏན་རྒྱ་མཚོས་བསྐུལ་ངོར།༧ ཤཱཀྱའི་དགེ་སྦྱོང་གུང་ཐང་བསྟན་པའི་དབང་ཕྱུག་གིས་བྲིས་པའོ། ། ། །
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn