ཐུགས་རྗེ་ཆེན་པོའི་བསྟོད་པ་ན་མོ་ཨྱྰརྱ་མ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 07:58:47     རྩོམ་པ་པོ།   རྒྱལ་དབང་བསྐལ་བཟང་རྒྱ་མཚོ།    ཀློག་ཐེངས།  

 IMG_6067.JPG

༄༅། །ན་མོ་ཨྰརྱ་ལོ་ཀེ་ཤྭ་ར་ཡ །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི །འགྲོ་ལ་ཆགས་པས་ཀུན་ཏུ་ཁྱབ་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། །དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་ཚོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། །མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་དེ་ལ་འདུད། །དྲི་མེད་ཆུ་སྐྱེས་གསར་པའི་དབུས་སུ་བསིལ་ཟེར་གང་པའི་དཀྱིལ་འཁོར་སྟེང་། །པདྨའི་འདབ་ལྟར་རྣམ་པར་དག་པའི་ཞབས་གཉིས་མཉམ་པའི་ཚུལ་བཞུགས་ཏེ། །འཇིག་རྟེན་དག་ན་ཟླ་བ་ཉ་འདྲ་ཀུན་ཏུ་ལྷམ་མེར་གསལ་བ་ཁྱོད། །མཐོང་བའི་མོད་ལ་སྙིང་གི་གདུང་སེལ་ཀུན་ནས་དགའ་བ་རྒྱས་པར་མཛད། །ཁ་པའི་རེག་པ་ལྟ་བུར་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་བསྲེག །མཐའ་དག་མཚན་མའི་ཆོས་ལས་འདས་ཀྱང་སྤྲོས་པ་དུ་མའི་དཀྱིལ་འཁོར་སྣང་། །སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པའི། །སྒྱུ་མ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་མཚར་འགྱུར། །རྣམ་པ་ཀུན་གྱི་རྗེས་སུ་ཞུགས་པ་སྟོན་མཚན་ནམ་མཁའི་དཀྱིལ་འཁོར་ཏེ། །སྐལ་ལྡན་སྐྱེས་པོས་རྟག་ཏུ་བསྟེན་པས་སྐྱོ་མེད་ས་གཞི་ཉིད་དུ་གྱུར། །འཇིག་རྟེན་ཡོངས་ཀྱི་གཏི་མུག་མུན་པ་མཐར་མཛད་ཉི་མ་འབར་བ་དང་། །ཞེ་སྡང་ཡིད་བསྲེག་གདུང་བ་སེལ་བའི་རི་བོང་མཚན་མ་འཛིན་པ་ཅན། །པུཎྜ་རི་ཀ་རབ་ཏུ་བཞད་པའི་ཞལ་གྱི་དཀྱིལ་འཁོར་མཛེས་སྟོན་ཅིང་། །དྲི་མེད་དུང་དང་ཆུ་ཤེལ་ལྟར་དཀར་ལྟ་ན་སྡུག་པའི་ལང་ཚོ་ཅན། །བསམ་ཡས་མཆོད་སྤྲིན་རྒྱས་པའི་དབུས་ན་སྒྲོལ་མཛད་སྒྱུ་མའི་རྩེད་འཇོ་དང་། །བདེ་གཤེགས་རྒྱལ་སྲས་ཁྲོ་བོའི་དཔུང་ཚོགས་གྲངས་མེད་འཁོར་གྱི་དབུས་ན་བརྗིད། །མེ་དང་ཆུ་ཀླུང་སྐལ་བ་ངན་དང་རྒྱལ་བོའི་འཇིགས་པ་ལ་སོགས་པ། །ཤིན་ཏུ་ཉམ་ཐག་གནས་སུ་ལྷུང་བའི་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཀུན། །ཁྱོད་ཀྱི་འོད་ཟེར་ཟླ་བ་བཀྲུས་འདྲའི་ལུ་གུ་རྒྱུད་ཀྱིས་ཉེར་དྲངས་ནས། །ལྷ་ཡི་དཔལ་དང་རབ་ཏུ་ལྡན་པའི་བདེ་བ་མཆོག་ལ་མངོན་པར་སྤྱོར། །དྲི་ཞིམ་ལན་བུ་སྤྱི་བོར་བཅིངས་པ་ནམ་མཁའི་འོད་དང་རབ་འདྲེས་ལ། །རྒྱལ་བའི་དབང་བོ་འོད་དཔག་མེད་སྐུ་རིགས་ཀྱི་ཅོད་པན་དབུ་ལ་མཛེས། །ཕྱག་གཡས་མཆོག་སྤྱིན་རྩེ་མོ་ལས་བབས་བདུད་རྩི་དཀར་པོའི་ཐིགས་པ་ནི། །མུ་ཏིག་འོད་ཆགས་རྟག་ཏུ་ལྷུང་བས་ཡི་དྭགས་ཀུན་གྱི་གདུང་བ་འཇོམས། །ཕྱག་གཡོན་སྟ་ཟུར་ངོས་ལ་བརྟེན་པའི་འགྱིང་བག་ཡིད་འོང་གཙང་བའི་སྐུ། །ཚངས་དབང་ལ་སོགས་དྲེགས་ལྡན་འདུད་པས་ཁྱོད་ནི་འཇིག་རྟེན་ཀུན་དབང་ཕྱུག །འཁོར་ལོ་པདྨ་མདའ་དང་གཞུ་ཡི་ཕྱག་རྒྱ་སོགས་ཀྱིས་རབ་སྤ་བའི། །སྟོང་ཕྲག་ཕྱག་དང་སྤྱན་སྟོང་མངའ་བ་བཅུ་གཅིག་ཞལ་བཟང་ཡང་དག་སྟོན། །ལ་ལར་གདུག་ཅན་ཀླུ་ཡི་དེད་་དཔོན་སེངྒེའི་སྒྲ་དང་གཞན་དུ་ནི། །དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །རེ་འགའ་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་པོའི་ཚུལ་ལ་སོགས། །དྲག་ཤུལ་ས་གསུམ་འགས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ། །ནམ་མཁའི་ཁམས་ཀྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། །དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་བ་དེ་སྙེད་ཅིག །རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་སྟེ། །ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབད་པའི་རྟོག་པ་མངའ་མ་ལགས། །རྣམ་པ་འགར་ཡང་འགྲོ་བའི་དོན་དུ་མི་འགྱུར་ཚིག་ནི་ཡོངས་སུ་སྤངས། །རང་རང་བློ་དང་རྗེས་སུ་མཐུན་པའི་འགག་མེད་དབྱངས་ཀྱི་ཡན་ལག་ནི། །རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པའི་ཆོས་ལམ་ཉེ་བར་སྟོན་མཛད་པ། །ཁྱོད་གསུང་སུ་ཡི་རྣ་བར་ལྷུང་ཡང་བཀའ་ལ་ཡང་དག་གནས་པར་གྱུར། །དྲི་ཟའི་རྒྱུད་མངས་སྒྲ་དང་འཐབ་པའི་ཡིད་འོང་ན་ཆུང་གླུ་ལྟ་བུ། །ཡིད་དུ་འཐད་ཀྱང་ཆགས་ལྡན་རྣམས་ཀྱི་ཡུལ་གྱི་འདོད་པ་མ་ལུས་འཇོམས། །ནམ་མཁའ་ཁྱབ་པའི་འབྲུག་སྒྲ་ཇི་བཞིན་ཟབ་མོར་འབྱིན་ཡང་དེ་ཡི་མོད། །འཇིགས་པས་སྐྲག་པ་དེ་དག་གི་ཡང་སྡུག་བསྔལ་མིང་གི་ལྷག་མར་མཛད། །འཁོར་བ་པ་རྣམས་རྟག་ཏུ་གཡོ་བའི་སྐྱེ་བ་ཡང་དག་གྲོལ་སླད་དུ། །རྣམ་པ་ཀུན་ལྡན་གསང་མཐོར་སྒྲོག་པའི་ཆོས་ཀྱི་འཁོར་ལོ་སྔོན་འགྲོ་བ། །དུས་གསུམ་གཏོགས་པའི་རྒྱལ་བ་ཀུན་གྱི་གསུང་དབྱངས་ངེས་པ་རབ་རྫོགས་པས། །བླ་མེད་འབྱོར་བའི་དབང་ཕྱུག་ཁྱོད་ནི་འཇིག་རྟེན་ཀུན་གྱི་བླ་མར་གྲགས། །སྐྱེས་བོ་གང་དག་རང་སྡུག་ཉིད་ཀྱང་རེས་འགའ་ཁྲོ་བས་དབང་གྱུར་སྟེ། །གསོད་པར་བརྩམས་མོད་ཁྱོད་ཀྱིས་འགྲོ་རྣམས་བུ་དང་འདྲ་བར་རྟག་དགོངས་ནས། །གནོད་འགྱུར་ཆ་ཙམ་ཐུགས་ཀྱིས་དགོངས་པ་རིང་མོ་ཞིག་ནས་བཏང་བས་ན། །བདག་འདྲ་རང་ལ་བརྩེ་བ་དེས་ཀྱང་ཁྱོད་ཐུགས་སྙིང་རྗེ་ཆར་མི་ཕོད། །ག་བུར་ཙན་ཏན་ཨུ་ཤིར་ལ་སོགས་ཆབ་ཀྱིས་སྦངས་པ་ལྟར་བསིལ་བའི། །ཞི་བའི་གཟིགས་སྟངས་ནམ་ཡང་མི་འཛུམ་རིགས་དྲུག་སྤྱན་རས་བཙའ་མོད་ཀྱི། །མྱོང་སྣང་སྤྲོས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་དགོངས་པ་ནི། །བདེ་བ་མཆོག་གིས་རྟག་ཏུ་འཁྱུད་བཞིན་གཡོ་བ་མེད་ལ་ཕྱག་འཚལ་ལོ། །ཕྱོགས་ཀུན་འབར་བའི་མེ་ལྕེས་སྲེག་ཤིཅིང་ཁ་གདངས་མིག་རྩ་དམར་ཁྲོས་པའི། །གཤེད་མས་ཁོར་ཡུག་ཀུན་ནས་འཇིགས་བསྐྱེ་ལ་ལ་ཟངས་ཞུན་འབར་བའི་ཁྲོད། །འབྲུག་ལྟར་འཆེད་པའི་ཚ་དམྱལ་གནས་སུ་བདུད་རྩིའི་ཆར་གྱིས་བསིལ་བ་དང། །ཤ་རུས་འགས་བྱེད་གྲང་བས་ཉེན་རྣམས་དྲོ་བའི་རེག་པས་སྐྱོབ་ཏུ་གསོལ། །ལྟོ་བ་རི་བཞིན་མགྲིན་པ་འགག་ཅིང་ཡན་ལག་རྩ་ཕྲན་ཤིན་ཏུ་ཕྲ། །ལུས་བསྐམས་ཐལ་བས་རབ་གཡོགས་ལྷུ་ཚིགས་འཐབ་ལས་མེ་ཡི་ཚ་ཚ་འབབ། །ཆུ་ཀླུང་དག་ཀྱང་བལྟས་པ་ཙམ་གྱིས་སྐེམ་འགྱུར་རྟག་ཏུ་ངལ་བ་དང་། །བཀྲེས་པས་གདུང་པའི་ཡི་དྭགས་རྣམས་ལ་ཟས་གོས་བདུད་རྩིའི་ཆར་བ་སྩོལ། །ཟས་ཁམ་ཙམ་གྱི་འདོད་ལ་སྲེད་པས་ཕྲ་མོའི་བདེ་བ་དེ་ཡི་སླད། །གཅེས་པའི་སྲོག་ཀྱང་ཡལ་བར་འདོར་བགྱིད་བླངས་དོར་འགའ་ཡང་སྐབས་མི་འབྱེད། །དབྱིབས་དང་ཁ་དོག་མི་སྡུག་ལ་བརྟེན་ཤིན་ཏུ་སྐལ་དམན་དུད་འགྲོ་རྣམས། །མྱུར་དུ་དགེ་བའི་དྲན་པ་འཐོབ་ཅིང་བདེ་བའི་འཚོ་བ་སྩལ་དུ་གསོལ། །ནོར་བུ་འབར་བའི་གཞལ་མེད་ལ་བརྟེན་ཚངས་པའི་རྒྱལ་བོའི་དཔལ་དེ་ཡང་། །མི་རྟག་ཉམས་ནས་མནར་མེད་མེ་ནང་རུས་པ་རྐང་ཡང་འབར་འགྱུར་ཞིང་། །རེག་ན་བདེ་བའི་མལ་སྟན་འཇམ་དང་ཡིད་འོང་སྐྱེད་ཚལ་ངོགས་རྩེ་པའི། །ལྷ་བུ་ཉིད་ཀྱང་འགྱུར་བྱེད་འཐུང་ཞིང་ལྕགས་ཀྱི་ཚེར་རྣོན་ཐང་ལ་འདྲད། །མཐོ་བ་ཉིད་ཀྱང་མི་རིང་དུས་སུ་རྐང་བས་མསྣུན་འོས་བྲན་དུ་འགྱུར། །ལང་ཚོ་འདི་ཡང་ཡུད་ཀྱིས་ཉམས་འགྱུར་སྟོན་མཐའི་མེ་ཏོག་ཇི་ལྟ་བུ། །འབྱོར་བ་འདི་ཡང་དུས་ཀྱིས་འདོར་ངེས་བརྙན་པོའི་རྒྱན་ལ་དགའ་སྙམ་བཞིན། །བདག་གི་ཚེ་ཡང་གློག་འོད་འགྱུ་བཞིན་སྐད་ཅིག་ཙམ་ཞིག་འདིར་སྣང་སྟེ། །འཇིག་རྟེན་འདི་ཡི་ཕ་རོལ་ཞེས་བྱ་སྔར་འདྲིས་་དངོས་པོ་ཐག་བསྲིང་བའི། །མུན་ཁྲོད་སྟུག་པོར་བདག་ཉིད་གཅིག་པུ་རྣམ་པར་འཁྱམས་འགྱུར་དེ་ཡི་སླད། །འཇིགས་རུང་འཁོར་བར་ཉོན་མོངས་སྒྱུ་ཡིས་སྙིང་ལ་མངོན་པར་བསླུས་གྱུར་བ། །བདག་ཅག་སྡུག་བསྔལ་རྒྱ་མཚོ་འདི་ནས་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནས་མོད་ཀྱི། །ཆོས་སྤྱོད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུར་ངོ་ཚ་སྤངས་ནས་ནི། །ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག །ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕག་ཏུ་ནུབ་ལ་ཉེ། །སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ། །དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ། །མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པ་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བསྟེན། །ཁྱོད་ཀྱི་མཚན་ཡང་བྱིན་གྱིས་རླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང་། །སངས་རྒྱས་གྲངས་མེད་བསྙེན་པའི་ལས་དང་ཁྱོད་མཚན་འཛིན་ཙམ་འབྲས་མཚུངས་ཞེས། །དྲང་སྲོང་བདེན་པའི་ཚིག་གིས་བསྟན་བཞིན་བདག་ཅག་རེ་བས་གསོལ་འདེབས་ན། །མགོན་པོ་གཞན་དུ་གཡེལ་བའི་ཐུགས་སྤངས་ཉམ་ཐག་སེམས་ཅན་སྐྱོབ་ཏུ་གསོལ། །སྐྱེས་པོ་ཐམས་ཅད་དཀོན་མཆོག་གསུམ་པོ་གུས་པས་ཉེ་བར་བསྟེན་པ་དང་། །ལས་དང་འབྲས་བུའི་གནས་ལ་དད་པས་རྟག་ཏུ་ཆོས་ཀྱི་ལམ་དུ་འཇུག །སྣ་ཚོགས་ཁམས་དང་སྐལ་བར་འཚམས་པའི་ཞི་ཁྲོ་ཆོ་འཕྲུལ་དཔག་མེད་ཀྱིས། །སྲིད་པ་ཉམ་ངའི་གནས་འདིར་ལྷུང་བའི་གཉེན་རྣམས་བདེ་ལ་སྦྱོར་དུ་གསོལ། །རབ་གུས་བདག་ཀྱང་དེ་ཉིད་འབྱེད་པའི་བློ་གྲོས་དྲི་མ་མེད་པ་དང། །སྲིད་ལ་སྐྱོ་དང་སྙིང་རྗེས་གཞན་དོན་སྐྱེ་བ་དུ་མར་སྤྱོད་ལ་བརྩོན། །བདུད་སྡེ་མཐའ་དག་ཕམ་པར་བྱེད་པའི་མཐུ་ཆེན་ཕ་རོལ་ཕྱིན་ཐོབ་སྟེ། །རྣམ་དག་ཁ་འདོན་ཆོས་ཀྱི་ཚུལ་དང་འགྲོ་བ་དུས་རིང་སྐྱོང་གྱུར་ཅིག །བློ་གྲོས་དམན་ཡང་ཁོ་བོའི་ཡིད་ཀྱི་འོ་མཚོ་གྱེན་དུ་འཕྱུར་པའི་མཐུས། །བསྟོད་ཅིང་སྨྲེ་པའི་འཕྲེང་བ་རབ་མཛེས་ཝུ་བ་དཀར་པོ་རྒོད་པ་འདི། །ཀློག་གམ་ཐོས་བསམ་དྲན་པ་དེ་ཡང་སྡིག་པའི་དྲི་མ་རྣམ་དག་ཅིང། །གྲུ་འཛིན་ཞིང་དུ་རྒྱལ་བ་མཆོག་རབ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ཤོག །རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོས་མཛད་པའོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn     

བརྒྱུད་འགོད།