ཆོས་སྐྱོང་སྐུ་ལྔ་སྤྱི་དང་ཁྱད་པར་ཡོན་ཏན་གྱི་རྒྱལ་པོ་ཤིང་བྱ་ཅན་ལ་གཏོར་མ་འབུལ་ཚུལ་ཙིནྟ་མཎིའི་ཕྲེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 20:45:56     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

77996044631369659.jpg 

    ན་མོ་གུ་རུ་མཉྫུ་ཤྲཱི་བྷཻ་ར་ཝ་ཡ། རྒྱལ་བའི་ཡབ་གཅིག་རྗེ་བཙུན་མཁྱེན་པའི་གཏེར། །སྲིད་གསུམ་གདུག་པ་འདུལ་མཛད་ཁྲོས་པའི་སྐུ། །དབུ་དགུ་སོ་བཞིའི་ཕྱག་དང་བཅུ་དྲུག་ཞབས། །བརྐྱངས་བསྐུམ་ཙམ་གྱིས་སྲིད་གསུམ་གཡོ་དེར་འདུད། །འདིར་ཆོས་སྐྱོང་སྐུ་ལྔ་སྤྱི་དང་ཁྱད་པར་ཡོན་ཏན་གྱི་རྒྱལ་པོ་ཤིང་བྱ་ཅན་ལ་གཏོར་མ་འབུལ་ཚུལ་ནི། མཆོད་རྫས་བསྐང་རྫས་རྣམས་འཕྲིན་ལས་དོན་བཅུ་མ་ལྟར་བཀོད། རྟ་མགྲིན་ལྟ་བུའི་ཡི་དམ་གྱི་བདག་བསྐྱེད་དང༌། དེའི་མཆོད་རྫས་རྣམས་སྦྱངས། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས། ཧཱུཾ་ལྷ་མིའི་སྟོན་པ་མགོན་པོ་ཚེ་དཔག་མེད། །དེ་ཡི་རྣམ་འཕྲུལ་པད་འབྱུང་ཨ་ཏི་ཤ །བདེ་གཤེགས་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །བོད་ཡུལ་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་དང༌། །རྒྱལ་བ་གཉིས་པ་ཡབ་སྲས་སྤྱི་བོས་མཆོད། །ཧྲཱི་རང་བཞིན་རྣམ་དག་ཆོས་སྐུའི་ངང་ཉིད་ནས། །དཔག་མེད་དུས་ནས་གཡོ་བ་མེད་གྱུར་ཀྱང༌། །ཞིང་འདིར་བསྟན་དང་བསྟན་འཛིན་སྐྱོང་བ་དང༌། །མ་རུང་དགྲ་བགེགས་མ་ལུས་འདུལ་བའི་ཕྱིར། །རྒྱལ་རྣམས་གསང་གསུམ་ཡོན་ཏན་འཕྲིན་ལས་ཀྱི། །རྣམ་རོལ་ཆོས་སྐྱོང་རྒྱལ་པོ་སྐུ་ལྔའི་ཚོགས། །གསང་ཡུམ་བློན་པོ་འཁོར་བཅས་གནས་འདིར་བྱོན། །ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པ་ཡིས། །སྐྱིད་ཤོད་དགའ་གདོང་བསྲུང་མར་གཉེར་གཏད་པའི། །མཐུ་སྟོབས་རྫུ་འཕྲུལ་དཔག་དཀའི་ཤིང་བྱ་ཅན། །དྲེགས་པའི་སྡེ་དཔོན་གསང་ཡུམ་བློན་པོ་དང༌། །ཕོ་ཉ་འཁོར་བཅས་ཐོགས་མེད་གནས་འདིར་བྱོན། །འཇིགས་རུང་དུར་ཁྲོད་རོལ་པའི་གཞལ་ཡས་དབུས། །པདྨ་ཉི་ཟླ་དགྲ་བགེགས་བསྣོལ་བའི་སྟེང༌། །ཆོས་སྐྱོང་རྒྱལ་ཆེན་སྤྲུལ་པ་འཁོར་བཅས་རྣམས། །ཕྱི་ནང་མཆོད་ཚོགས་ཡུལ་དུ་ཏིཥྛནྟུ། །ཧྲཱིཿམཆོད་ཡོན་ཞབས་བསིལ་གངྒཱའི་རྒྱུན་ལ་འགྲན། །ལྷ་མིའི་མེ་ཏོག་སྣ་ཚོགས་མགོ་ལྕོག་ལྡེམ། །སྨན་དང་ཤིང་སྣའི་བསངས་ཀྱི་བདུག་སྤོས་འཐུལ། །རིན་ཆེན་རྩི་བཅུད་སྒྲོན་མེ་ཀུར་གུམ་གྱི། །དྲི་ཆང་ལྷ་མིའི་བཟའ་བཅའི་ཞལ་ཟས་ཚོགས། །རྔ་ཆེན་དུང་གླིང་ལ་སོགས་རོལ་མོར་བཅས། །ཕྱི་ནང་མཆོད་པས་བར་སྣང་ཁྱོན་འགེངས་པ། །དངོས་བཤམས་ཡིད་སྤྲུལ་ཆོས་སྐྱོང་འཁོར་བཅས་འབུལ། །མཛེས་པའི་རྟ་མཆོག་འབྲོང་གཡག་འདོད་འཇོའི་བ། །ར་ལུག་བྱ་ཁྱི་རི་དྭགས་གཅན་གཟན་སོགས། །སྲ་བའི་གོ་ཆ་རྣོ་བའི་མདའ་མདུང་གཞུ། །རལ་གྲི་རྒྱལ་མཚན་སྟག་ལྤགས་སེང་ལྤགས་སོགས། །བསྟན་སྲུང་གནོད་སྦྱིན་འཁོར་བཅས་མཉེས་ཕྱིར་འབུལ། །རོ་མཆོག་བརྒྱ་ལྡན་གཏོར་མ་རི་ལྟར་སྤུངས། །ཇ་ཆང་བཏུང་བའི་མཚོ་དང་བླ་བྲེ་སོགས། །རི་རབ་གླིང་བཞི་ཉི་ཟླ་འདོད་ཡོན་ལྔ། །རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་ལ་སོགས་ཀུན། །དྲེགས་པའི་སྤྱི་དཔོན་འཁོར་དང་བཅས་ལ་འབུལ། །ཧྲཱཾ་ཿརྒྱལ་བའི་ཐབས་མཁས་སྐུ་གསུང་ཐུགས་སོགས་ཀྱི། །རྣམ་འཕྲུལ་གར་དགུའི་ཉམས་ལྡན་སྐུ་ལྔའི་ཚོགས། །སྤྲུལ་པ་ཡུམ་བློན་སྐྱོ་སེང་འབག་སེང་གར། །བཀའ་སྡོད་ཕོ་ཉའི་ཚོགས་དང་བཅས་ལ་བསྟོད། །ཁྱད་པར་དགྲ་བོའི་སྲོག་འཕྲོག་མཐུ་སྟོབས་བདག །སྟོང་གསུམ་སྐད་ཅིག་མྱུལ་སོགས་འཕྲུལ་སྟོང་འགྱེད། །དཔལ་ལྡན་གནོད་སྦྱིན་སྡེ་དཔོན་ཤིང་བྱ་ཅན །མྱུར་མགྱོགས་དམ་ཅན་རྒྱ་མཚོའི་ཚོགས་བཅས་བསྟོད། །ཡ་མནྟ་ཀ་གསང་བདག་རྟ་མཆོག་དབང༌། །པད་འབྱུང་རྒྱལ་བ་གཉིས་པ་ལ་སོགས་པའི། །རྩ་བརྒྱུད་བླ་མས་བཀའ་བསྒོས་གཉེར་གཏད་བཞིན། །ཐུབ་བསྟན་སྤྱི་དང་མཉམ་མེད་ཙོང་ཁ་པའི། །བཤད་དང་སྒྲུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས། །དེ་འཛིན་དགེ་འདུན་སྡེ་རྣམས་དུས་ཀུན་འཕེལ། །དེ་སྐྱོང་སྦྱིན་བདག་སྐུ་ཚེ་མངའ་ཐང་དར། །དུས་ཀུན་ནད་མུག་འཁྲུགས་པ་ཀུན་ཞི་སྟེ། །ཡུལ་འདིར་འབྲུ་བཅུད་ཁེ་སྤོག་ལས་སྒོ་འདུ། །དཔལ་འབྱོར་ལོངས་སྤྱོད་ཆོས་སྲིད་སྙན་གྲགས་འབར། །སུམ་རྩེན་ལྟ་བུར་མངོན་སུམ་མྱོང་བར་མཛོད། །བསྟན་དང་འགྲོ་ལ་འཚེ་བའི་སྤྱི་དགྲ་དང༌། །དགོས་སུ་རྣལ་འབྱོར་བདག་ལ་སྡང་བའི་དགྲ། །གདོན་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀུན། །གང་དུ་གནས་ཀྱང་མྱུར་དུ་ཚར་གཅོད་མཛོད། །ཁྱད་པར་དགེ་བཅུ་ལྡན་པའི་དགོན་གནས་འདིར། །བཤད་སྒྲུབ་རྒྱ་མཚོ་ལྟ་བུར་རྒྱས་པ་དང༌། །འདེབས་འཛིན་སྐྱོང་སྤེལ་བགྱིད་པའི་དོན་རྣམས་ཀུན། །བསམ་བཞིན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །སྐུ་ལྔ་སྤྱི་དང་ཁྱད་པར་ཤིང་བྱ་ཅན། །གསོལ་མཆོད་ཙིནྟ་མཎིའི་ཕྲེང་བ་འདི། །ཆོས་འཕྲུལ་ཟླ་བའི་ཚེས་ལ་བྱམས་པའི་མདུན། །རྩེ་གཞུང་ཡིད་དགའ་ཆོས་འཛིན་ཞེས་བྱ་བར། །ཆོ་དང་དགེ་ལ་དད་པ་ཆེས་མངའ་བ། །མཐོ་དམན་དུ་མས་ཡང་ཡང་བསྐུལ་བའི་ཚེ། །མང་ཐོས་ཤཱཀྱའི་དགེ་སློང་རྒན་པོ་ཞིག །བསྟན་དང་འགྲོ་བར་ཕན་པའི་སེམས་ཀྱིས་བྲིས། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།