ཞབས་བརྟན་གསོལ་འདེབས་བཞུགས་སོ། །

    སྤེལ་དུས།  2017-11-16 20:34:48         ཀློག་ཐེངས།  

224872513376856901.jpg

        བདེ་ལྡན་ཞིང་གི་མགོན་པོ་ཚེ་མཐའ་ཡས། །གཙུག་ཏོར་རྣམ་རྒྱལ་ཡིད་བཞིན་འཁོར་ལོའི་མཚོན། །ཚེ་སྦྱིན་ལྷག་པའི་ལྷ་ཚོགས་གསང་གསུམ་མཐུས། །དེང་འདིར་ཚེ་དཔལ་རྒྱས་པའི་དངོས་གྲུབ་སྩོལ། །བློ་གྲོས་བཟང་བོས་མཁས་བྱའི་གནས་ཀུན་ཁྱབ། །གྲུབ་པ་མཆོག་གི་རྟོགས་པ་མངོན་གྱུར་ཏེ། །བཤད་སྒྲུབ་བསྟན་པ་འཛིན་པའི་དཔལ་ཡོན་ཅན། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བསྟན་རིན་ཆེན་རི་བོའི་སྤོར། །མཁས་དང་གྲུབ་པའི་ཕྱི་དོར་ལེགས་བྱས་ཏེ། །མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པ་ལ། །རྣམ་དཔྱོད་མཆོག་ཏུ་ཡངས་པོར་གསོལ་བ་འདེབས། །འཇམ་དབྱངས་བློ་ཡི་ཀླུ་སྒྲུབ་ལུགས་བཟང་སོགས། །རྒྱ་བོད་མཁས་དབང་གྲུབ་མཐའ་རྒྱ་མཚོ་ཡི། །སྙིང་བོར་དྲིལ་བ་འཇམ་མགོན་བསྟན་པའི་དཔལ། །འཁྲུལ་བྲལ་སྲོལ་བཞིན་འཛིན་ལ་གསོལ་བ་འདེབས། །ཀུན་གཟིགས་ཆོས་སྤྱན་སྟོང་གིས་རབ་འཛིན་ཤིང་། །དྲི་མེད་ལུང་རིགས་རྩེ་བརྒྱ་འབར་བ་ཡི། །ལོག་སྨྲ་རི་བོའི་ཚོགས་རྣམས་འཇོམས་མཛད་པ། །མཆོག་སྤྲུལ་ལྷ་བརྒྱའི་མགོན་པོར་གསོལ་བ་འདེབས། །ཀུན་བཟང་སྤྱོད་པ་རྒྱ་མཚོའི་གསེར་འཁོར་ཆེ། །ཐུབ་བསྟན་གླིང་བཞིའི་མཁའ་ལ་མངོན་འཕགས་ཏེ། །ཆོས་ཀྱི་རྒྱལ་སྲིད་མཆོག་ལ་དབང་བསྒྱུར་བའི། ། སྐྱེ་དགུ་ཡོངས་ཀྱི་གཙུག་ཏུ་ངལ་གསོ་མཛོད། །བླ་མ་མཆོག་གསུམ་བདེན་པོའི་བྱིན་རླབས་དང་། །བདག་ཅག་རྩེ་གཅིག་གསོལ་བ་བཏབ་པས་མཐུས། །མགོན་ཁྱོད་ཞབས་ཟུང་བཞུགས་བྲལ་རྡོ་རྗེ་ཁམས། །ཁྲི་ཕྲག་བསྐལ་བའི་བར་ཏུ་འཚོ་བཞེས་ཤོག །རྨད་བྱུང་ཐུགས་བསྐྱེད་གངས་རི་ལས་འོང་བའི། །ལྷུན་འགྲུབ་འཕྲིན་ལས་ཡན་ལག་བརྒྱད་ལྡན་ཆབ། །སྐལ་ལྡན་ཀླུ་དབང་སྟོང་གིས་གསོས་སྨན་དུ། །སྲིད་མཐའི་བར་ཏུ་མི་ཉམས་གོང་འཕེལ་ཤོག །ཚུལ་དེར་བརྟེན་ནས་ལྟ་སྒོམ་སྤྱོད་བཟང་གི །མཁས་གྲུབ་བྱེ་བའི་གནས་འདིར་ཡོངས་གང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བ་ཉམས་མེད་པའི། །ཞྭ་སེར་རིང་ལུགས་མཐའ་དབུས་ཀུན་ཁྱབ་ཤོག །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པ་ལ། །སྙིང་རྗེ་རང་གཟུགས་མ་ཧཱ་ཀ་ལས་གཙོས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་དཔུང་གིས། །བགེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །བློ་བཟང་བསྟན་པའི་སྒྲོན་མེས་ས་གསུམ་གྱིས། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །

                                   རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
        གསལ་འདེབས།། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
 


 

བརྒྱུད་འགོད།