ཞབས་བརྟན་གསོལ་འདེབས་བཞུགས་སོ། །
མཁྱེན་པའི་ཕུང་བོ་འཇམ་དབྱངས་གཞོན་ནུའི་གར། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བསྟན། །དར་རྒྱས་མཛད་པའི་སྨོན་འབྲས་ལྷུན་གྱིས་གྲུབ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་འདེབས། །ཆགས་མེད་འདོད་ཆུང་འཕགས་པའི་རིགས་ལ་གནས། །མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་བཞི་སོགས། །མང་ཐོས་བཤེས་གཉེན་ཆེན་པོ་ཞབས་བརྟན་ཤོག །མི་འདོད་ཅི་ཙམ་སྟེང་དུ་བབས་གྱུར་ཀྱང་། །ལྷག་བསམ་ཐུགས་རྗེ་ཕྱིར་ཞིང་འཕེལ་བ་ལས། །སྒོ་གསུམ་བྱམས་པའི་རང་བཞིན་འདོར་མེད་པའི། །རྒྱལ་སྲས་སེམས་དཔའ་ཆེན་པོ་ཞབས་བརྟན་ཤོག །ཐོས་བསམ་བཤད་སྒྲུབ་བྱ་བས་དུས་ཀྱི་མཐར། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པ་ལ། །ཟླ་བྲལ་ངུར་སྨྲིག་འཆང་བ་ཡོངས་ཀྱི་རྗེ། །གནས་བརྟན་འདུལ་འཛིན་ཆེན་པོ་ཞབས་བརྟན་ཤོག །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཚེ་ཡི་ལྷ་མཆོག་རྣམས་ཀྱི་ཐུགས་རྗེ་དང་། །བདག་ཅག་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །སྨོན་པའི་དོན་རྣམས་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་རྗེ་རིན་པོ་ཆེ་༧འཇམ་དབྱངས་བློ་བཟང་བསྟན་དར་དཔལ་བཟང་བོའི་ཞབས་བརྟན་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་མང་རའི་ཆོས་སྡེ་ཆེན་པོ་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྐུལ་ངོར་༧དགེ་སློང་ཡེ་ཤེས་རྒྱ་མཚོས་བྲིས་པའོ། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn