ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-16 19:52:50         ཀློག་ཐེངས།  

149542846928499449.jpg

        སྐྱབས་གསུམ་ཀུན་འདུས་བླ་མ་མཆོག་གསུམ་དང་། །ཆོས་དབྱིངས་འགྱུར་མེད་རྟེན་འབྲེལ་བསླུ་མེད་མཐུས། །བདག་གི་འདོད་པའི་དོན་རྣམས་མ་ལུས་པ། །གེགས་མེད་བདེ་ལེགས་འགྲུབ་པའི་དགེ་ལེགས་སྩོལ། །འཇམ་དབྱངས་མི་ཡིས་གར་མཛད་བློ་བཟང་གྲགས། ། དུས་མཐར་ཐུབ་བསྟན་དར་ཞིང་རྒྱས་པའི་སླད། །སླར་ཡང་བདག་ཅག་མགོན་དུ་ཤར་བའི་རྗེ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་  འདེབས། །ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་རུ། །ཐོས་བསམ་སྒོམ་པའི་མཆོད་ཚོགས་རྒྱ་མཚོ་འདི། །རྗེ་བཙུན་བླ་མ་དགྱེས་པའི་མཆོད་པར་འབུལ། །དེ་ཡིས་མཐུ་ལས་སྐྱེ་ཞིང་སྐྱེ་བ་རུ། །མགོན་པོ་ཁྱོད་ཀྱིས་དགྱེས་བཞིན་རྗེས་བཟུང་ནས། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །དགེ་བ་འདི་ཡིས་རྒྱལ་བསྟན་དར་ཞིང་རྒྱས། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། ། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་ཆོས་རྗེ་དམ་པ༧འཇམ་དབྱངས་བློ་བཟང་བསྟན་དར་བ་ཐུགས་ཀྱི་དགོངས་པ་ཆོས་དབྱིངས་སུ་གཏད་པའི་ཚེ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ཅིག་དགོས་ཞེས་ཀླུ་ཚང་དགོན་ཆེན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་ཀླུ་དྲང་སྲོང་ངམ་རུ་སྔུན་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་སོགས་བླ་གྲྭ་ཡོངས་ནས་གོས་བཟང་ལྷ་དར་བཅས་བསྐུལ་ངོར༧ལྕང་སྐྱ་སྤྲུལ་མིང་བ་འཇམ་དབྱངས་ཤེས་རབ་རྒྱ་མཚོས་སྨོན་པའི་མཚམས་སྦྱར་ཏེ་རྫོང་རྩེ་གསང་ཕུ་ནས་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་གཅིག་པའི་མེ་མོ་ཕག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པའི་ཉིན་བྲིས་པའོ། །དགེའོ ། །

                               རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
        གསལ་འདེབས།། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།