ཆར་འབབ་སྨོན་ལམ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-15 08:40:56     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་དང་།།

ལྷ་ཡི་དབང་བོ་ཉེ་དབང་སུམ་ཅུ་གཉིས།།

སེམས་དཔའ་ཆེན་པོ་ཀླུ་རྒྱལ་མ་དྲོས་སོགས།།

ལྷ་ཀླུ་དབང་བོ་ཐམས་ཅད་འདིར་དགོངས་ཤིག།

འཇིག་རྟེན་ཀུན་དང་ཁྱད་པར་ཡུལ་ཕྱོགས་འདིར།།

མུ་གེ་ནད་དང་ཐན་པ་ཞི་བའི་ཕྱིར།།

བདག་གི་ལྷག་བསམ་དཀར་བོས་སྨོན་པའི་མཐུས།།

མྱུར་དུ་ཆར་བ་ཆེན་པོ་འབབ་པར་ཤོག།

ནག་པོའི་སྤྲིན་རྣམས་རི་བོ་གྲིབ་མ་བཞིན།།

ཕྱོགས་ཀྱི་ཐ་གྲུའི་ཚད་ནི་འཇལ་བར་ཤོག།

ཆར་སྤྲིན་ནག་པོ་མུན་ནག་འཐིབ་པ་བཞིན།།

རབ་ཡངས་ནམ་མཁའི་ཁྱོན་ཀུན་འགེངས་པར་ཤོག།

སྤྲིན་ཚོགས་དེ་དག་དཔའ་བོ་དགོད་པ་བཞིན།།

རྒྱུན་ཆགས་ཟབ་མོའི་རྣམ་པར་མཛེས་པར་ཤོག།

ལྷ་ཡི་ལམ་ནས་མུ་ཏིག་གཏོར་བ་བཞིན།།

ཆར་རྒྱུན་བབས་པས་རྡུལ་རྣམས་ཞི་བར་ཤོག།

ཆར་སྤྲིན་ལང་བའི་རླུང་གིས་རབ་བསྐྱོད་པས།

ས་གཞི་དྲི་ཞིམ་ངད་ཀྱིས་ཁྱབ་པར་ཤོག།

ལྦུ་བའི་འཕྲེང་བ་འཁྲིགས་པས་བསྐོར་བ་ཡི།།

ཆུ་རྣམས་གཤོང་བུ་དམའ་བར་འབབ་པར་ཤོག།

ཡང་དང་ཡང་དུ་གསེར་འོད་གསལ་བ་ཡི།།

འོད་ཟེར་འཕྲོ་བས་ཕྱོགས་རྣམས་ཁྱབ་པར་ཤོག།

ཆར་སྤྲིན་འབྲུག་སྒྲ་ཟབ་ཅིང་བརྟན་པར་ཤོག།

ཆར་བའི་རྒྱུན་རྣམས་ཕྱོགས་ཀུན་སྙོམས་པར་ཕོབས།།

ས་ཆེན་འདི་ནི་སྣུམས་ཤིང་རླན་པ་དང་།།

བཏབ་པའི་ལོ་ཏོག་ཕུན་སུམ་ཚོགས་པར་ཤོག།

སྐྱེ་དགུའི་ནད་ཀྱི་གདུང་བ་ཞི་བྱེད་ཀྱི།།

སྨན་ཡང་ས་གཞི་ཁྱབ་པར་སྐྱེ་བར་ཤོག།

བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་།།

རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་།།

ལྷ་ཀླུ་དབང་བོ་རྣམས་ཀྱི་ཐུགས་རྗེས་ཡིས།།

བདག་གིས་སྨོན་ལམ་ཇི་བཞིན་འགྲུབ་གྱུར་ཅིག།

ཅེས་པ་འདི་ཡང་ཆར་བ་དཀོན་བའི་སྐབས་ཞིག་རྗེ་ཡེ་ཤེས་རྒྱ་མཚོས་སྦྱར་བའོ།།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།