རྗེས་དྲན་ཆེད་བསྒྲིགས། བླ་མ་དང་འཕགས་མཆོག་སྤྱན་རས་གཟིགས་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-09 12:50:58     རྩོམ་པ་པོ།   ལ་མོ་ཡོངས་འཛིན་རིན་པོ་ཆེ།    ཀློག་ཐེངས།  

ན་མོ་གུ་རུ། འདིར་རང་གི་དྲིན་ཅན་གྱི་རྩ་བའི་བླ་མ་དང་འཕགས་མཆོག་སྤྱན་རས་གཟིགས་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་གནད་དྲིལ་མདོར་བསྡུས་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྒྱུད་དང་འདྲེས་ངེས་སུ་སྒོམ་པ་སྔོན་དུ་བཏང་སྟེ།

 དངོས་གཞི་ནི། རང་མདུན་ནམ་མཁར་ཀུན་བཟང་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་དཀྱིལ་འཁོར་སྟེང་། །རྩ་བའི་བླ་མ་འཕགས་མཆོག་སྤྱན་རས་གཟིགས། །སྐུ་མདོག་ཆུ་ཤེལ་ལྟར་གསལ་འོད་དཀར་འཕྲོ། །ཕྱག་བཞི་དང་བོ་ཐུགས་ཀར་ཐལ་མོ་སྤྱར། །གཡས་ཀྱི་གཉིས་པས་ཤེལ་ཕྲེང་བརྒྱ་རྩ་འདྲེན། །གཡོན་གྱི་གཉིས་པས་པད་དཀར་ཡུ་བ་བསྣམས། །ལྷ་རྫས་གོས་ཀྱི་སྟོད་གཡོགས་སྨད་གཡོགས་གསོལ། །མཚན་དཔེའི་འོད་འབར་རིན་ཆེན་རྒྱན་གྱིས་སྤྲས། །ཐོར་ཚུགས་དབུ་སྐྲའི་རྩེ་མོ་ནོར་བུས་བརྒྱན། །སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་གནས་གསུམ་དུ། །འབྲུ་གསུམ་གྱིས་མཚན་ཧྰུཾ་ཡིག་འོད་ཟེར་གྱིས། །བདེ་ལྡན་ཞིང་ནས་སྤྱན་རས་གཟིགས་དབང་ལ། །སྲས་བཅས་རྒྱལ་བས་བསྐོར་བ་སྤྱན་དྲངས་ཏེ། །དམ་ཚིག་པ་དང་དབྱེར་མེད་དགྱེས་བཞིན་བཞུགས། །སླར་ཡང་ཐུགས་ཀའི་ཧྰུཾ་ལས་འོད་འཕྲོས་པས། །དབང་ལྷ་རྒྱལ་བ་རིགས་ལྔ་སྤྱན་དྲངས་ཏེ། །ཐུགས་ཀ་ནས་སྤྲོས་ལྷ་མོ་རྣམ་པ་ལྔས། །བདུད་རྩིའི་དབང་བསྐུར་ལུས་གང་དྲི་མ་དག །སངས་རྒྱས་སྣང་བ་མཐའ་ཡས་དབུ་རྒྱན་གྱུར། །

དེ་ནས་ཡན་ལག་བདུན་པ་འབུལ་བ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེའི། །ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཡིད་འོང་མཆོད་པའི་འོས་སུ་གྱུར་བ་ཀུན། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ། །ཁྱོད་མཉེས་རྗེས་སུ་འཛིན་པའི་གེགས་གྱུར་བའི། །ཉེས་ལྟུང་མཐའ་དག་གནོང་མགྱོད་དྲག་པོས་བཤགས། །རླབས་ཆེན་མཛད་པ་ཀུན་ལ་ཡི་རང་ཞིང་། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། །འདིས་མཚོན་དགེ་ཚོགས་ཕུང་བོ་ཅི་མཆིས་པ། །གང་གིས་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །

དེ་ནས་བླ་མའི་གསོལ་འདེབས་དང་མ་ནི་ཅི་མང་བཟླ་དགོས་པས། བློ་བཟང་རྒྱལ་བའི་སྙན་བརྒྱུད་གདམས་པའི་མཛོད། །མཁས་གྲུབ་དམ་པའི་ཞལ་ནས་འོངས་བའི་རྒྱུན། །སྐལ་ལྡན་རྒྱ་མཚོའི་ཚོགས་ལ་སྩོལ་མཛད་པ། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་དང་། ཨོཾ་མ་ནི་པདྨེ་ཧྰུཾ། ཅི་མང་བཟླས་མཐར། མཁའ་ཁྱབ་འོག་མིན་སྟུག་པོ་བཀོད་པ་རུ། །ས་བཅུའི་སེམས་དཔའི་འཁོར་ལ་ཆད་མེད་དུ། །ཐེག་ཆེན་ཆོས་སྟོན་ལོངས་སྤྱོད་རྫོགས་པའི་སྐུ། །བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གསང་ཆེན་ལམ་གྱིས་འདུལ་བའི་གདུལ་བྱ་ལ། །ཞི་ཁྲོ་རབ་འབྱམས་བཀོད་པ་མཐའ་ཀླས་པའི། །རྒྱུད་སྡེ་རྣམ་བཞིས་སྨིན་ཅིང་གྲོལ་མཛད་པ། །བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ལས་དག་སྐལ་ལྡན་སོ་སྐྱེ་ཡན་ཆད་ལ། །གྲངས་མེད་མཆོག་གི་སྤྲུལ་སྐུའི་རྣམ་རོལ་གྱིས། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། ། བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །མཁས་གྲུབ་རྒྱལ་བློན་སྐྱེ་གནས་སྣ་ཚོགས་པ། །གང་ལ་གང་འདུལ་སྐུ་ཡི་བཀོད་པ་ཡིས། །གང་འཚམས་བདེ་ལ་འགོད་པའི་ཐུགས་རྗེ་ཅན། །བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དེ་ལྟར་སྐུ་ཡི་བཀོད་པ་མཐའ་མེད་ཀྱང་། །བདག་གི་སྐལ་བར་རིགས་མཐུན་ཐ་མལ་གྱི། །དགེ་བའི་བཤེས་ཀྱི་རྣམ་རོལ་བཀའ་དྲིན་ཅན། །བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཕྱི་མའི་སྐྱེ་བ་ས་ཆེན་རྡུལ་གྱི་གྲངས། །མཐོ་དམན་སྐྱིད་སྡུག་ཇི་ལྟར་གྱུར་ཀྱང་རུང་། །མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ལྕགས་ཀྱུ་ཡིས། །ནམ་ཡང་མ་གཏོང་བླ་མ་རྡོ་རྗེ་འཆང་། །ཁྱོད་ཀྱིས་གང་འཚམས་མཛད་པ་ཅི་བསྟན་ཡང་། །སྐྱོན་རྟོག་ལོག་ལྟ་སྐད་ཅིག་མི་སྐྱེ་བར། །གདམས་དང་རྗེས་བསྟན་བཀའ་བཞིན་སྒྲུབ་པ་ཡིས། །གཏན་གྱི་བཙན་ས་ཟིན་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་བླ་མ་སྤྱན་རས་གཟིགས། །སྤྱི་གཙུག་ནས་བཞུགས་སྙིང་ཀའི་པདྨེའི་དབུས། །རང་གི་གཉུག་མའི་སེམས་དང་དབྱེར་མེད་དུ། །བྱང་ཆུབ་བར་དུ་བརྟན་པར་བཞུགས་པར་གྱུར། །དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་ནས་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཅེས་སྨོན་ལམ་བཏབ་པོ། །ཞེས་བླ་མ་དང་འཕགས་མཆོག་སྤྱན་རས་གཟིགས་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་འདི་ནི། སྒྲུབ་བརྒྱུད་བསྟན་པའི་མཛེས་རྒྱན་དགོན་གོང་མ་བཀྲ་ཤིས་ཆོས་འཁོར་གླིང་གི་འདུས་སྤྱི་ཐུན་མོང་ནས་ཡང་ཡང་བསྐུལ་བའི་ངོར། དགུ་བཅུ་རྒན་པོ་ལ་མོ་ཡོངས་འཛིན་མིང་ཅན་ནས་གང་དྲན་ཐོལ་བྱུང་དུ་སྨྲས་པའོ། །

                                                                         རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།