ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་གསོལ་བཞུགས་སོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-05-09 12:10:27     རྩོམ་པ་པོ།   འབྲོམ་སྟོན་རྒྱལ་བའི་འབྱུང་གནས།    ཀློག་ཐེངས།  

 

༄༅།།ཨོཾ་བདེ་ལེགས་སུ་གྱུར་ཅིག །ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ།  །ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས།  །བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་བརྒྱུད།  །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།  །ཡབ་དང་ཡུམ་ལ་སྲི་ཞུ་མཁས་ཤིང་གུས།  །གཟུགས་མཛེས་ཡིད་འོང་ཤེས་རབ་སྙིང་བརྩེར་ལྡན།།དུལ་ཞིང་རྒྱུད་འཇམ་ཐབས་མཁས་སྙིང་སྟོབས་ཆེ།  །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།  །འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང༌།  །བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང༌།  །རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས།  །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།  །འདོད་པའི་ཡོན་ཏན་རྣམས་ལ་མ་ཆགས་ཤིང༌།  །རྒྱལ་སྲིད་འབྱོར་པ་ཕུན་ཚོགས་སྤངས་ནས་ནི།  །དགེ་འདུན་ཕལ་ཆེན་སྡེ་པའི་དགེ་སློང་མཛད།  །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས།  །འདུལ་བའི་སྡེ་སྣོད་སྡེ་བཞི་ལས་གསུངས་པ།  །བདེ་བར་གཤེགས་པས་བསླབ་པ་བཅས་པ་ལ།  །ཉེས་པའི་སྐྱོན་གྱིས་མ་གོས་རྣམ་པར་དག །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས།  །ཡོངས་སུ་འཛིན་པའི་མཁས་པ་མང་བསྟེན་ཅིང༌།  །སྡེ་སྣོད་གསུམ་དང་སྒྲ་དང་ཚད་མ་དང༌།  །མན་ངག་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས།  །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས།  །གསེར་གླིང་རྒྱལ་པོའི་ས་སྐྱོང་བླ་མ་ལས།  །བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས།  །འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི།  །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས།  །སེམས་ཅན་ཕོངས་ཤིང་ཤིན་ཏུ་སྡུག་བསྔལ་བ།  །རབ་ཏུ་མང་ལ་སྙིང་ནས་བརྩེ་བ་ཡིས།  །འཇིག་རྟེན་ལྷ་དང་ལྷ་མིན་བཅས་པ་ཡི།  །སྐྱོབ་པ་ཡབ་གཅིག་པོ་ལ་གསོལ་བ་འདེབས།  །གྲུབ་པ་བརྙེས་པའི་བླ་མ་དམ་པ་ལས།  །ཡི་དམ་ལྷ་ཡི་མངོན་རྟོགས་ལུང་ནོད་ནས།  །རྩེ་གཅིག་སྒྲུབ་པ་སྙིང་པོར་མཛད་པ་ཡིས།  །ལུང་བསྟན་ཐོབ་པར་གྱུར་ལ་གསོལ་བ་འདེབས།  །གདུལ་བྱ་བོད་དུ་ཡོད་པར་དགོངས་ནས་ནི།  །ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང༌།  །སྡེ་པ་མི་ཆེན་རྣམས་ཀྱི་བླ་མ་མཛད།  །མཆོད་ཅིང་བཀུར་འོས་ཁྱེད་ལ་གསོལ་བ་འདེབས།  །མཁས་མཆོག་ཁྱེད་སྐུ་བོད་དུ་མ་བྱོན་ན།  །སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི།།ཟབ་མོའི་དོན་ལ་ཕལ་ཆེར་རྨོངས་གྱུར་པས།།ལེགས་པར་སྟོན་མཛད་ཁྱེད་ལ་གསོལ་བ་འདེབས།  །བསྟན་བཅོས་བསྒྱུར་དང་བསྒྱུར་ཟིན་འཆོས་པ་དང༌།  །དེ་ཉིད་འཆད་དང་རང་གི་རྩོམ་པ་སོགས།  །ཡང་དག་ལམ་ལ་ལེགས་པར་འཁྲིད་པ་ཡིས།  །བསྟན་པ་རྒྱས་མཛད་ཁྱེད་ལ་གསོལ་བ་འདེབས།  །ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས།  །བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན།  །རིགས་པས་ཚར་བཅད་ཐར་པའི་ལམ་ལ་བཀོད།  །ཐར་འདོད་དེད་པོན་ཁྱེད་ལ་གསོལ་བ་འདེབས།  །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌།  །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག །སྐྱེ་བ་དུ་མར་ཡང་ཡང་གོམས་པ་ཡི།  །ཚོགས་གཉིས་ཡོངས་སུ་རྫོགས་ལ་གསོལ་བ་འདེབས།  །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང༌།  །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད།  །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས།  །གཞན་དོན་ལྷུར་མཛད་ཁྱེད་ལ་གསོལ་བ་འདེབས།  །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌།  །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་ཀྱི།  །ནོར་བདུན་དག་གིས་ཕྱུག་པར་གྱུར་པའི་མཛོད།།ཡོན་ཏན་འབྱུང་གནས་ཁྱེད་ལ་གསོལ་བ་འདེབས།  །སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག །རྒྱལ་བའི་འབྱུང་གནས་རིང་ནས་འོངས་པའི་ཚེ།  །ཨུ་པ་སི་ཀ་དེ་རིང་སླེབ་བོ་ཞེས།  །ལྷ་མིག་མངོན་ཤེས་མངའ་ལ་གསོལ་བ་འདེབས།  །མ་ག་དྷ་ནས་སློབ་མ་གུས་པ་ཡི།  །སིལ་སྙན་དཀྲོལ་ཞིང་གསོལ་བ་བཏབ་པའི་སྐད།  །བོད་དུ་གསན་ནས་འབྲོམ་ལ་སྦྲན་པ་ཡི།  །རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས།།ལྷ་སར་ལྷ་ཡི་རོལ་མོ་བསྒྲགས་པ་ལས།  །མྱུར་བར་བྱོན་ནས་བར་ཁང་ལྷ་ཚོགས་ལ།  །ཕྱག་རྟེན་ཕུལ་ནས་མཁའ་ལ་བསྐོར་བ་མཛད།  །རྫུ་འཕྲུལ་མངོན་ཤེས་མངའ་ལ་གསོལ་བ་འདེབས།  །གང་དུ་རྒྱལ་པོའི་བཀའ་ཆེམས་གཏེར་དུ་སྦས།  །མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་བསྟན།  །ཤཱཀྱ་མུ་ནེའི་འཇའ་ས་ཁྱོད་ཀྱི་དྲིན།  །ཇོ་བོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས།  །ས་བདག་ནད་ཀྱིས་ ཟིན་པའི་མི་རྣམས་ལ།།རྟག་པར་ཚེ་འཛིན་བསྲུང་བའི་སྐོར་རྣམས་ཀྱང༌།།ཁྱོད་ལས་བྱུང་སྟེ་འགྲོ་བའི་ནད་གསོ་མཛད།  །ཀླུ་སྒྲུབ་གཉིས་པར་གྲགས་ལ་གསོལ་བ་འདེབས།  །སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ།  །བརྒྱ་བྱིན་ལ་སོགས་བར་སྣང་ལྷ་རྣམས་ཀྱིས།  །རིན་ཆེན་སྣ་ལྔའི་མེ་ཏོག་ཆར་པ་ཕབ།  །བླ་མ་ལྷ་ཡི་ལྷ་ལ་གསོལ་བ་འདེབས།  །གཡོར་པོ་འཆིང་རུར་བུ་མོས་མགོ་རྒྱན་ཕུལ།  །ཤི་བ་གསན་ནས་དེ་ཡི་སྒྲིབ་སྦྱོང་མཛད།  །རིགས་ཀྱི་བུ་མོ་ལྷ་རུ་སྐྱེས་ཞེས་གསུངས།  །འགྲོ་བའི་འདྲེན་པ་ཁྱེད་ལ་གསོལ་བ་འདེབས།  །ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ །ང་ལ་དད་ཅིང་གུས་པར་བྱེད་པ་རྣམས།  །དགའ་ལྡན་གནས་སུ་མཇལ་བར་འགྱུར་ཞེས་གསུངས།  །མ་འོངས་མངོན་སུམ་གཟིགས་ལ་གསོལ་བ་འདེབས།  །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད།  །འཕགས་པའི་ཡུལ་ན་དཱི་པམ་ཀ་ར་ཤྲཱི།  །ཁ་བ་ཅན་འདིར་དཔལ་ལྡན་ཨ་ཏི་ཤ།  །ས་སྟེང་གྲགས་པས་ཁྱབ་ལ་གསོལ་བ་འདེབས།  །འབྲོམ་སྟོན་བདག་གིས་རྭ་སྒྲེང་ལྷ་ཁང་བཞེངས།  །འགྲོ་བ་འདྲེན་ཕྱིར་གསོལ་བ་བཏབ་པ་ལས།  །དགའ་ལྡན་གནས་ནས་རབ་གནས་མེ་ཏོག་འཐོར།  །བྱིན་རླབས་དངོས་སུ་ཕེབས་ལ་གསོལ་བ་འདེབས།  །ཁྱོད་ཀྱི་ཡོན་ཏན་མཐོང་དང་ཐོས་པ་ལས།  །དྭངས་བའི་ཡིད་ཀྱིས་ལྷང་ལྷང་གསོལ་འདེབས་ན།  །དགའ་ལྡན་གནས་ནས་ཐུགས་རྗེས་གཟིགས་མཛོད་ལ།  །གསོལ་བ་བཏབ་བཞིན་བྱིན་གྱིས་བརླབས་ཏུ་གསོལ།  །ད་དུང་ཁ་བ་ཅན་ན་ཁྱོད་ཉིད་ལ།  །དད་ཅིང་རྗེས་སུ་སློབ་པ་མང་ཡོད་ཀྱི།  །ཐུགས་ལ་དགོངས་ནས་བུ་ལ་མ་བཞིན་དུ།  །བརྩེ་བས་བདག་གི་བཤེས་གཉེན་མཛད་དུ་གསོལ།  །སྙིགས་དུས་སྐྱེ་བོ་དམུས་ལོང་ལྟ་བུ་རྣམས།  །དམ་མིན་དགེ་བའི་བཤེས་འདྲས་རྗེས་བཟུང་སྟེ།  །འཁོར་བའི་གཅོང་རོང་གནས་ནས་འདྲེན་མེད་རྣམས།  །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲང་དུ་གསོལ།  །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ།  །དམ་པ་ཁྱོད་ནི་བདག་གི་མགོན་ལགས་ཀྱི།  །མངོན་པར་རྫོགས་པར་མྱུར་དུ་འཚང་རྒྱ་འགྱུར།  །ཐོས་བསམ་སྒོམ་གསུམ་བདག་ལ་སྩལ་དུ་གསོལ།  །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན།  །རྒྱལ་བའི་གདུང་འཚོབ་གྱུར་བ་རྒྱལ་བའི་སྲས།  །རང་གཞན་དོན་གཉིས་འབྱུང་གནས་རིན་པོ་ཆེ།  །བཤེས་གཉེན་སྟོན་པའི་ཞབས་ལ་གསོལ་བ་འདེབས།  །བསྐལ་པ་དུ་མར་ཚོགས་གཉིས་གོམས་པའི་མཐུས།  །གནས་གསུམ་དོན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས།  །ཨ་ཏི་ཤ་ཡི་སྲས་ཀྱི་ཐུ་བོ་པ།  །ལེགས་པའི་ཤེས་རབ་ཞབས་ལ་གསོལ་བ་འདེབས།  །མར་མེ་མཛད་དཔལ་རྒྱལ་བ་ཀུན་གྱི་ཡབ།  །རྒྱལ་བའི་འབྱུང་གནས་རྒྱལ་བ་རྒྱ་མཚོ་ལས།  །གདམས་པའི་ཁུ་བ་བཏོན་ནས་ཚིམ་མཛད་པའི།  །བརྩོན་འགྲུས་གཡུང་དྲུང་ཞབས་ལ་གསོལ་བ་འདེབས།  །ལོང་མེད་ཐུགས་ལ་འཁྲུངས་པའི་པོ་ཏོ་བ།  །བདག་པས་གཞན་གཅེས་སྒོམ་པའི་སྤྱན་སྔ་བ།  །སྒྲུབ་པ་སྙིང་པོར་མཛད་པའི་ཕུ་ཆུང་བ།  །རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས།  །སྐྱེ་བ་ཀུན་ཏུ་ཇོ་བོ་ཡབ་སྲས་དང༌།  །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌།  །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།  ། ཇོ་བོ་ཡབ་སྲས་གོ་འཕང་མྱུར་ཐོབ་ཤོག།བཀྲ་ཤིས་དགེ་མཚན་གཡང་ཆགས་གཡས་རུའི་ཆར།  །འདུས་གླིང་དབུས་ན་ལྷུན་པོ་ལྟར་བརྗིད་པ།  །འཕགས་ཡུལ་མ་ཕམ་མགོན་པོ་བྱོན་མིན་བར།  །ལྷ་ཆོས་བདུན་ལྡན་རིང་ལུགས་དར་བར་ཤོག །འདིའི་ཐོས་བསམ་སྒོམ་གསུམ་བདག་ལ་སྩལ་དུ་གསོལ་ཞེས་པ་ཡན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་བསྟོད་པ་སུམ་ཅུ་པར་གྲགས་པའོ།།  །།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།