དཀོན་མཆོག་རྗེས་དྲན་གྱི་མདོ།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ།།དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ།དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ།བཟོད་པས་རབ་ཏུ་བརྒྱན་པ༑བསོད་ནམས་གྱི་གཏེར་རྣམས་ཀྱི་གཞི།དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ།མཚན་རྣམས་ཀྱི་མེ་ཏོག་རྒྱས་པ་སྤྱོད་ཡུལ་རན་པར་མཐུན་པ།མཐོང་ན་མི་མཐུན་པ་མེད་པ།དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ།ཤེས་རབ་ཟིལ་གྱིས་མི་ནོན་པ།སྟོབས་རྣམས་ལ་བརྫི་བ་མེད་པ།སེམས་ཅན་ཐམས་ཅད་ཀྱི་སྟོན་པ།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ།འཕགས་པ་གང་ཟག་རྣམས་ཀྱི་རྒྱལ་པོ།མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན།ཡེ་ཤེས་དཔག་ཏུ་མེད་པ།སྤོབས་པ་གསུམ་གྱིས་མི་ཁྱབ་པ།གསུང་རྣམ་པར་དག་པ།དབྱངས་སྙན་པ།སྐུ་བྱད་བལྟ་བས་ཆོ་ག་མི་ཤེས་པ།མཚུངས་པ་མེད་པ།འདོད་པ་དག་གིས་མ་གོས་པ།གཟུགས་དག་གིས་ཉེ་བར་མ་གོས་པ།གཟུགས་མེད་པ་དག་མ་འདྲེས་པ།འདི་གཞུང་ཁུངས་མར་མེད་པར་གསུངས།སྡུག་བསྔལ་ལས་རྣམ་པར་གྲོལ་བ།ཕུང་པོ་དག་ལ་རབ་ཏུ་རྣམ་པར་གྲོལ་བ།ཁམས་རྣམས་དང་མི་ལྡན་པ༑སྐྱེ་མཆེད་རྣམས་བསྡམས་པ།མདུད་པ་རྣམས་ཤིན་ཏུ་བཅད་པ།ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ།སྲིད་པ་ལས་གྲོལ་བ།ཆུ་བོ་ལས་བརྒལ་བ།ཡེ་ཤེས་ཡོངས་སུ་རྫོགས་པ།འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ།མྱ་ངན་ལས་འདས་པ་ལ་མི་གནས་པ།ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ།འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ།།དམ་པའི་ཆོས་ནི་ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ།ཚིག་འབྲུ་བཟང་པོ།མ་འདྲེས་པ།ཡོངས་སུ་རྫོགས་པ།ཡོངས་སུ་དག་པ།ཡོངས་སུ་བྱང་བ།བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ།ཡང་དག་པ་མཐོང་བ།ནད་མེད་པ།དུས་ཆད་པ་མེད་པ།ཉེ་བར་སྟོན་པ།འདི་མཐོང་བ་ལ་དོན་ཡོད་པ༑མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ།བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལེགས་པར་སྟོན་པ།ངེས་པར་འབྱུང་བ།རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ།བརྟེན་པ་ཡོད་པ།རྒྱུ་བ་བཅད་པའོ།།ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པ་བཞུགས་པ།རིག་པ་ཞུགས་པ།དྲང་པོ་ཞུགས་པ།མཐུན་པ་ཞུགས་པ།ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།ཕྱག་བྱ་བའི་འོས་སུ་གྱུར་པ།བསོད་ནམས་ཀྱི་དཔལ་གྱི་ཞིང༌།ཡོན་ཡོངས་སུ་སྦྱོང་བ་ཆེན་པོ།སྦྱིན་པའི་གནས་སུ་གྱུར་པ།ཀུན་ཏུའང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ།སངས་རྒྱས་ཡོན་ཏན་བསམ་མི་ཁྱབ།།ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ།།དགེ་འདུན་ཡོན་ཏན་བསམ་མི་ཁྱབ།།བསམ་མི་ཁྱབ་ལ་དད་བྱས་པའི།།རྣམ་པར་སྨིན་པའང་བསམ་མི་ཁྱབ།།རྣམ་དག་ཞིང་དུ་སྐྱེ་བར་ཤོག།མགོན་པོ་ཐུགས་རྗེ་ཆེ་ལྡན་པ།།ཐམས་ཅད་མཁྱེན་པའི་སྟོན་པའོ།།བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌།།དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ།།དག་པས་འདོད་ཆགས་བྲལ་བར་འགྱུར།།དགེ་བས་ངན་སོང་ལས་གྲོལ་ཞིང༌།།གཅིག་ཏུ་དོན་དམ་མཆོག་གྱུར་པ།།ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ།།གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།།བསླབ་པ་དག་ལ་རབ་ཏུ་གནས།།ཞིང་གི་དམ་པ་ཡོན་ཏན་ལྡན།།དགེ་འདུན་ལ་ཡང་ཕྱག་འཚལ་ལོ།།ཞལ་རས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ།།ལེགས་སྦྱར་འདི་ནི་རྒྱལ་བའི་སྲས་བཅས་ལ།།དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན།།འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག།ཨོཾ་ཨཱཿཧཱུཾ།ལན་གསུམ།ཨོཾ་གུ་རུ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུཾ་གིས་བླ་མ་དང་༌།ཨོཾ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱོ་བཛྲ་ནཻ་ཝི་དྱེ་ཨཿཧཱུཾ་གིས་སངས་རྒྱས་དང་བྱང་སེམས་ཐམས་ཅད་དང༌།ཨོཾ་དེ་ལྦ་ཌཱ་ཀི་ནཱི་ཤྲཱི་ངྷརྨ་པཱ་ལ་ས་པ་རི་ལྦཱ་ར་བཛྲ་ནཻ་ཝིདྱེ་ཨཿཧཱུཾ་གིས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་འབུལ།ཨོཾ་ཨགྲ་པཎྜི་ཨ་ཤི་བྷྱཿསྭཱཧཱ།ཞེས་པས་ཕུད་ལ་དབང་བའི་འབྱུང་པོ་ལ་ཆང་བུ་གཅིག།ཨོཾ་ཧ་རི་ཏེ་སྭཱཧཱ།ཞེས་པས་འཕྲོས་མ་ལ་ཆང་བུ་གཅིག་དང༌།ཨོཾ་ཧ་རི་ཏེ་མཧཱ་བཛྲ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པཱ་པཾ་མཀྵིཾ་སྭཱཧཱ།ཞེས་པས་བུ་ལྔ་བརྒྱ་ལ་ཆང་བུ་གཅིག་བཅས་བསྔོས་ལ།ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས།།འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ།།རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས།།འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།།ལུས་གྱི་སྲིན་བུ་ད་ལྟ་ཟང་ཟིང་གིས།།བསྡུས་ནས་མ་འོངས་པ་ན་ཆོས་གྱིས་བསྡུ།།སེམས་ཅན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི།།གོ་འཕང་བསྒྲུབ་ཕྱིར་བཟའ་བཏུང་ལོངས་སྤྱད་བྱ།།ཞེས་དང༌།ཤ་ཡོད་ན།ཨོཾ་ཨ་བིར་ཁེ་ཙ་ར་ཧཱུཾ།ཞེས་པ་ལན་བདུན་ཙམ་བཟླས་ནས་བཏབ་ན་ཤ་ཟོས་པའི་ཉེས་པ་ཁེགས་ཤིང་།ཤ་དེ་གང་གི་ཡིན་པའི་སེམས་ཅན་དེ་བདེ་འགྲོར་སྐྱེ་བར་གསུངས་སོ།།དེ་ནས་ནང་གི་སྦྱིན་སྲེག་གི་ཚུལ་སོགས་ཀྱིས་ལོངས་སྤྱད་དེ།ཟས་གྱི་ཚོད་རིག་པར་བྱ།མཇུག་ཏུ་ཆབ་བླངས་ཏེ་ལྷག་པ་ལ་དབང་བའི་འབྱུང་པོ་ལ་ཆང་བུ་གཅིག།ཨོཾ་ཨུཙྪིཥ་ྜཔཎྜི་ཨ་ཤི་བྷྱཿསྭཱཧཱ།ཞེས་པ་བསྔོ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ།།ན་མཿས་མནྟ་པྲ་བྷ་རཱ་ཛ་ཱཡ།ཏ་ཐཱ་ག་ཏཱ་ཡ།ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།ན་མོ་མཉྫུ་ཤྲཱིཡེ།ཀུ་མཱ་ར་བྷུ་ཏ་ཡ་བོ་ངྷི་སཏཱ་ཡ་མཧཱ་སཏྭ་ཡ།མཧཱ་ཀ་རུ་ཎི་ཀཱ་ཡ།ཏཏྱ་ཐཱ།ཨོཾ་ནི་རཱ་ལམྦྷ་ནི་རཱ་བྷ་སེ་ཛ་ཡ་ཛ་ཡེ་ལམྦྷེ་མཧཱ་མ་ཏེ་དཀྵི་དཀྵི་ཎཾ་མེ་པ་རི་ཤྭ་ངྷ་སྭཱཧཱ།གཟུགས་འདིའི་ཕན་ཡོན་ནི།འདུལ་བ་རྣམ་ངེས་གྱི་མདོ་ལས།འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ།།ཡོན་མང་པོ་ལ་སྤྱད་པ་ཡང་བྱང་བར་འགྱུར་རོ།།ཡོན་བདག་དེའི་ཡོན་ཡོངས་སུ་འཕེལ་བར་འགྱུར་ཞིང་ཚོགས་ཐམས་ཅད་རྫོགས་པར་འགྱུར་རོ།།བར་དུ་གཅོད་པ་ཐམས་ཅད་མི་འབྱུང་ངོ༌།།ཞེས་གསུངས་སོ།།གང་གི་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བར་ཐོབ་པར་གྱུར་ཅིག།གང་གི་བདག་ལ་སྐོམ་བླུད་པ་དང༌།རིམ་གྲོར་བྱས་པ་དང༌།བཀུར་སྟི་བྱས་པ་དང༌།བསྟི་སྟང་བྱས་པ་དང༌།མཆོད་པ་བྱས་པ་དེ་དག་ཐམས་ཅད་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག།གང་དག་བདག་ལ་གཤེ་བར་བྱེད་པ་དང༌།མི་བདེ་བར་བྱེད་པ་དང༌།བརྡེག་པ་དང༌།མཚོན་གྱིས་འདེབས་པ་དང༌།རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང༌།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག།བཟའ་བ་ཕུལ་བའི་བསོད་ནམས་ཀྱིས།ཁ་དོག་གཟི་བརྗིད་སྟོབས་དང་ལྡན།།རོ་བརྒྱ་ལྡན་པའི་ཟས་རྙེད་ཅིང༌།།བསམ་གཏན་ཟས་ཀྱིས་འཚོ་བར་ཤོག།བཏུང་བ་ཕུལ་བའི་བསོད་ནམས་ཀྱིས།།ཉོན་མོངས་བཀྲེས་སྐོམ་ཞི་གྱུར་ཅིག།སྦྱིན་སོགས་ཡོན་ཏན་ལྡན་པ་དང༌།།སྐོམ་ནད་མེད་པར་སྐྱེ་བར་ཤོག།སྨན་རྣམས་ཕུལ་བའི་བསོད་ནམས་ཀྱིས།།ནད་མེད་པ་དང་བདེ་བ་ཐོབ།།སྐྱེ་རྒ་ན་འཆི་མེད་པ་ཡི།།མྱ་ངན་འདས་པ་ཐོབ་པར་ཤོག།གང་གིས་སྦྱིན་པ་གང་ལ་སྦྱིན།།སྦྱིན་པ་ཇི་ལྟར་མི་དམིགས་པ།།སྦྱིན་པ་མཉམ་པ་དེ་ཉིད་ཀྱིས།།སྦྱིན་བདག་ལ་ནི་ཡོངས་ཐོབ་ཤོག།སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས།།འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ནས།།སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི།།སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག།སྦྱིན་པ་འདི་ཡི་བསོད་ནམས་ཀྱིས།།སངས་རྒྱས་བསྟན་ལ་དད་གྱུར་པའི།།དགའ་བོ་ཉེར་དགའ་ལ་སོགས་པའི།།གཉུག་མར་གནས་པའི་ལྷ་རྣམས་དང༌།།རྒྱལ་པོ་སྦྱིན་བདག་ཉིད་དང་ནི།།གཞན་ཡང་གྲོང་ཁྱེར་གནས་པར་རྣམས།།ཚེ་རིང་ནད་མེད་ཕུན་གསུམ་ཚོགས།།གཏན་དུ་བདེ་བ་ཐོབ་པར་ཤོག།དགེ་བ་འདི་ཡིས་སྐྱེ་བོ་ཀུན།།བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌།།བསོད་ནམས་ཡེ་ཤེས་ལས་བྱུང་བའི།།དམ་པ་སྐུ་གཉིས་ཐོབ་པར་ཤོག།འབད་དང་རྩོལ་པ་མ་དགོས་པའི།།ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌།།སེམས་ཅན་རེ་བ་སྐོར་མཛད་པའི།།བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn