ཐུན་དྲུག་བླ་མའི་རྣལ་འབྱོར་བསྡུས་པ།
བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།།རང་ཉིད་ལྷར་གསལ་རྡོར་དྲིལ་བཟུང་ནས་མཆོད།།མདོ་སྔགས་ཆོས་བཟུང་ཉེས་སྤྱོད་མཐའ་དག་སྡོམ།།དགེ་ཆོས་ཀུན་སྡུད་སྦྱིན་བཞིས་འགྲོ་དོན་བྱེད།།ཅེས་པ་འདིས་མཚན་མོ་སོགས་སུ་ཐུན་དྲུག་གི་རྣལ་འབྱོར་མདོར་བསྡུས་སུ་གོ་བཅད་ཆོག་པར་གསུངས་ཀྱང༌།ཚིག་རྐང་གཅིག་ལ་རིགས་ལྔའི་དམ་ཚིག་བཅུ་དགུ་ཚང་བ་སོགས་ཤིན་ཏུ་ངོ་མཚར་ཆེ་མོད།བླ་མའི་རྣལ་འབྱོར་གྱི་གོ་བཅད་དུ་ཅུང་ཟད་མི་རུང་བ་ལྟར་སྣང་བས།དེས་ན་ཐུན་དྲུག་རྣལ་འབྱོར་རྒྱས་པ་མི་ལྕོགས་པ་དང༌།འདོན་སྒོམ་མི་ནུས་པའི་བློ་དམན་དག་གིས་ཐུན་དྲུག་གི་རྣལ་འབྱོར་གྱི་གོ་བཅད་རུང་ཞིང༌།ཤིན་ཏུ་བསྡུས་པའི་ཚུལ་དུ་ཉམས་སུ་ལེན་ཚུལ་དངུལ་ཆུ་རྗེ་དྲུང་བློ་བཟང་བསྟན་འཛིན་གྱིས་མཛད་པ་ནི་འདི་ལྟར།༈དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི།།འགྲོ་ཀུན་གདུང་བསྒྲལ་གཏན་བདེར་འགོད་པར་བྱ།།དེའི་སླད་རྫོགས་བྱང་འཐོབ་ཕྱིར་བྱང་ཆུབ་སེམས།།བསྐྱེད་ནས་རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི།།མདུན་གྱི་ནམ་མཁར་ཁྲི་པད་ཉི་ཟླའི་སྟེང༌།།རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང༌།།སྐུ་མདོག་སྔོན་པོ་རྡོར་དྲིལ་བཟུང་ནས་ནི།།དབྱིངས་ཕྱུག་མར་འཁྱུད་ལྷན་སྐྱེས་བདེ་བས་རོལ།།གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་འོད་ཀྱིས།།ཡེ་ཤེས་པ་རྣམས་སྤྱན་དྲངས་རོ་གཅིག་གྱུར།།རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ།།ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད།།རི་གླིང་རིན་ཆེན་གཏེར་བུམ་ཉི་ཟླ་སོགས།།བླ་མེད་ཀུན་ཏུ་བཟང་པོའི་མཆོད་པ་འབུལ།།མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན།།མགོན་ཁྱོད་ཚུལ་བཞིན་བསྟེན་པའི་རྗེས་འགྲོ་བར།།མཐོང་ནས་ལུས་དང་སྲོག་ཀྱང་ཡོངས་བཏང་སྟེ།ཁྱོད་མཉེས་ཁོ་ན་སྒྲུབ་པར་བྱིན་གྱིས་རློབས།།དེ་ལྟར་གསོལ་བཏབ་བླ་མ་སྤྱི་བོར་བྱོན།།རང་ལ་ཐིམ་པས་དབྱེར་མེད་རོ་གཅིག་གྱུར།།བདག་ཉིད་རྡོ་རྗེ་སེམས་དཔའ་བཅོམ་ལྡན་མར།།རྡོར་དྲིལ་བཟུང་འཁྱུད་ལྷན་སྐྱེས་བདེ་བས་རོལ།།གནས་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྣམས།།མ་རྣམས་དོན་དུ་ཕངས་མེད་བཏང་བར་བྱ།།སོ་ཐར་བྱང་སེམས་གསང་སྔགས་རྣམ་གསུམ་གྱི།།བཅས་མཚམས་སྲོག་གི་ཕྱིར་ཡང་འདོར་མི་བྱ།།ཐེག་གསུམ་རྒྱུད་སྡེ་བཞིས་བསྡུས་ལུང་རྟོགས་ཆོས།།ལེགས་བཟུང་ཐབས་ཀྱིས་འགྲོ་བ་ཡོངས་སུ་སྒྲོལ།།དགེ་འདིས་དུས་གསུམ་བདེ་གཤེགས་སྲས་བཅས་ཀྱི།།མཛད་སྨོན་འགྲུབ་དང་དམ་ཆོས་འཛིན་ཕྱིར་བསྔོ།།མཆོག་གསུམ་བྱིན་རླབས་རྟེན་འབྲེལ་མི་བསླུའི་མཐུས།།ལེགས་སྨོན་འགྲུབ་ནས་སངས་རྒྱས་མྱུར་ཐོབ་ཤོག།
ཅེས་པ་འདི་ཐུན་དྲུག་རྒྱས་པ་ལྟར་གྱི་དམ་ཚིག་གི་གནད་རྣམས་ཚང་ཞིང༌།ཚིག་ཉུང༌།འཇུག་པ་བདེ་བས་འདི་ཉིད་ཉམས་སུ་བླང་བར་བྱའོ།།དེ་ཡང་ཡོངས་གྲགས་ཀྱི་ཐུན་དྲུག་རྣལ་འབྱོར་རྒྱས་པ་འདི་ཡང་ཚིག་ཉུང་འཁྱེར་བདེ་འདི་ལས་བསྡུས་པ་མི་དགོས་པ་ལྟར་ཡང་།དེང་དུས་གལ་ཆུང་ཆོས་ལ་བྱེད་པའི་སྐབས་འདིར་འདི་ཙམ་འདོན་པ་ཡང་མི་ལྕོགས་པར་བསྐྱུར་བ་མང་ཞིང༌།འགའ་ཞིག་དབང་པོ་ཤིན་ཏུ་རྟུལ་བ་དང༌།རྒས་ཤིང་འཁོགས་པས་ཀློག་པ་ཙམ་ཡང་མི་ཤེས་ལ།བཟུང་ཡང་མི་ནུས་པས་གཟུངས་སྔགས་འདྲེན་པ་ཙམ་ལ་སྐྱབས་བྱེད་དགོས་པ་ཡང་མང་དུ་སྣང་བ་རྣམས་རྡོ་རྗེ་དམྱལ་བ་ལས་བསྲུང་ཕྱིར་བརྩེ་བའི་བསམ་པས་བཀོད་པ་ཡིན་པས།རྒྱས་པ་ནུས་བཞིན་དུ་བསྡུས་པའི་སླ་ཆོས་ནི་ནམ་ཡང་མ་མཛད་ཅིག་ཅེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ།།དེ་ལྟར་ཐུན་དྲུག་གི་རྣལ་འབྱོར་རྒྱས་བསྡུས་ཉམས་སུ་ལེན་ཚུལ་གྱི་མན་ངག་ཆ་ཚང་ཞིང་གསལ་ལ་ནག་འགྲོས་ཀྱི་ཚུལ་དུ་བཀོད་པ་འདི་ནི།དགའ་ལྡན་ཆོས་འཁོར་དགོན་གྱི་གྲྭ་རིགས་བློ་བཟང་རྡོ་རྗེས་ལྷ་རེག་དང་མཎྜལ་རྟེན་གསུམ་བཅས་ཇི་ལྟར་བསྐུལ་བ་བཞིན་ཕ་བོང་ཁའི་སྤྲུལ་མིང་པས་ཆབ་མདོ་དགེ་ལྡན་བྱམས་པ་གླིང་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་འགྲོ་དོན་འཕེལ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས། རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། དྲ་བའི་སྦྲེལ་ཐགhttp://www.tb1025.cn