པདྨ་ཡང་གསང་ཁྲོས་པའི་བླ་བརྒྱུད་བཞུགས་སོ། །
༄༅། །དཀོན་མཆོག་གསུམ་དངོས་རིག་འཛིན་འདུས་པའི་གཙོ། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བདག །གསང་ཆེན་བཟང་བོའི་འཕྲིན་ལས་བསྟན་པའི་དཔལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཆོས་དབྱིངས་འོད་གསལ་བདེ་ལྡན་ཞིང་ཁམས་སུ། །རབ་འབྱམས་རྒྱལ་བའི་ཆོས་སྐུའི་སྣང་བརྙན་ནི། །དམར་གསལ་མཚན་དཔེའི་གཟི་འབར་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །འོག་མིན་བདེ་ཆེན་དག་པའི་ཞིང་ཁམས་སུ། །བདེ་སྟོང་གཉིས་མེད་ཁྲག་འཐུང་ཁྲོ་བོའི་གར། །ཡང་གསང་ཁྲོས་པའི་དཔལ་ཆེན་དཀྱིལ་འཁོར་བ། །ལོངས་སྐུ་པདྨ་དབང་ཆེན་ལ་གསོལ་བ་འདེབས། །ནུབ་ཕྱོགས་ཨོ་རྒྱན་རྔ་ཡབ་དཔལ་རིའི་རྩེར། །དུས་གསུམ་རྒྱལ་བ་ཀུན་འདུས་རིག་འཛིན་ཆེ། །སྲིན་པོའི་ཁ་གནོན་སྐྱེ་དགུ་ཡོངས་ཀྱི་གཉེན། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ནགས་རྒྱལ་ལྷ་ཆུ་མཚན་ལྡན་གྲུབ་གནས་སུ། །པདྨས་རྗེས་བཟུང་རབ་དགུའི་ས་ལ་གནས། །གངས་ཅན་ཁྲོད་འདིར་གྲུབ་ཐོབ་འདར་ཆར་ཞེས། །ཡོངས་སུ་གྲགས་པ་དེ་ཉིད་ལ་གསོལ་བ་འདེབས། །དཔལ་ལྡན་བོ་དོང་མཁས་པའི་ཆོས་གྲྭ་རུ། །ཐོས་བསམ་སྒོམ་པས་རང་རྒྱུད་ལེགས་སྦྱངས་ནས། །འཆད་རྩོད་རྩོམ་པས་རྒྱལ་བའི་བསྟན་པ་སྤེལ། །ཆོས་རྒྱལ་བརྩོན་འགྲུས་རྡོ་རྗེ་ལ་གསོལ་བ་འདེབས། །བྱང་ཕྱོགས་གཉན་པོའི་དབེན་གནས་དམ་པ་རུ། །ཟབ་དང་རྒྱལ་ཆེའི་གདམས་པའི་མཛོད་བཟུང་ནས། །སྐལ་ལྡན་གདུལ་བྱ་སྐྱོང་བའི་མཁས་གྲུབ་ཆེ། །ཉན་ཆེན་བསོད་ནམས་བརྟན་པ་ལ་གསོལ་བ་འདེབས། །བྲག་རམ་དཔལ་གྱི་གཙུག་ལག་ཁང་ཆེན་དུ། །རིག་གནས་རྒྱ་མཚོའི་མཐར་སོན་མཁས་པའི་མཆོག །གཅིག་ཏུ་སྒྲུབ་པ་ལྷུར་ལེན་གྲུབ་པའི་དབང་། །མཁན་ཆེན་ཆོས་རྒྱལ་དཔལ་བཟང་ལ་གསོལ་བ་འདེབས། །གཙང་སྟོད་མུས་སྲས་དཔལ་གྱི་དགོན་པ་རུ། །གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེ་འཛིན། །ཁྱད་པར་ལམ་འདིའི་རྩ་ལག་ཆག་སྟོན་རྗེ། །ཀུན་མཁྱེན་དཔལ་ལྡན་སེང་གེ་ལ་གསོལ་བ་འདེབས། །རྣམ་པར་གྲོལ་བའི་གནས་ཀྱི་ཡང་རྩེ་རུ། །ཀུན་མཁྱེན་ཆེན་པོའི་སྲས་ཀྱི་ཐུ་བོ་བ། །སྙན་བརྒྱུད་བསྟན་པ་འཛིན་པའི་དཔལ་ཡོན་ཅན། །ཆོས་རྗེ་རིན་ཆེན་བཀྲ་ཤིས་ལ་གསོལ་བ་འདེབས། །གར་བཞུགས་ཆོས་དབྱིངས་དག་པའི་ཞིང་ཁམས་སུ། །བདེ་སྟོང་གཉིས་མེད་ཡེ་ཤེས་རོལ་བ་ལས། །ཉམས་དང་རྟོགས་པའི་རྦ་རླབས་སྟོང་གཡོ་བ། །རྟོགས་ལྡན་ཡོན་ཏན་མགོན་པོ་ལ་གསོལ་བ་འདེབས། །རྒྱལ་བོའི་ཁབ་ཀྱི་སྒོ་མང་གཙུག་ལག་ཏུ། །ཟབ་དོན་སྨྲ་བའི་གཙུག་རྒྱན་མཆོག་གྱུར་བ། །མཁྱེན་བརྩེ་ནུས་པས་འགྲོ་བ་འདྲེན་པའི་དཔལ། །བླ་ཆེན་ཆོས་དཔལ་བཟང་བོ་ལ་གསོལ་བ་འདེབས། །དཔལ་ལྡན་ས་སྐྱ་གྲྭ་ཆེན་བླ་བྲང་དུ། །གསང་སྔགས་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། །གསུང་ངག་བསྟན་པའི་སྒྲོན་མེ་མུས་སྲས་པ། །བྱམས་པ་རྡོ་རྗེ་རྒྱལ་མཚན་ལ་གསོལ་བ་འདེབས། །སྙེ་ཐང་བདེ་མཆོག་དཔལ་གྱི་ཡང་དབེན་དུ། །གསང་ཆེན་གདམས་པས་སྐལ་ལྡན་རྗེས་སུ་འཛིན། །མཐུ་སྟོབས་ནུས་པས་ནག་ཕྱོགས་ཕྱེ་མར་འཐག །མུས་ཆེན་རྣམ་རྒྱལ་བཟང་བོ་ལ་གསོལ་བ་འདེབས། །དམ་པས་བྱིན་རླབས་ནགས་ཕུག་དགོན་པ་རུ། །ཀུན་བཟང་དགོངས་པའི་གནས་ལུགས་མངོན་དུ་གྱུར། །དྲག་སྔགས་གྲུབ་པའི་སྙན་གྲགས་ཕྱོགས་ཀུན་ཁྱབ། །འཁྲུལ་ཞིག་རཏྣ་བྷ་དྲ་ལ་གསོལ་བ་འདེབས། །མང་མཁར་ཆ་ལུང་རྡོ་རྗེའི་བྲག་རྫོང་དུ། །བློ་གསལ་བུང་བ་འདུ་བའི་པདྨོའི་ཚལ། །རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུང་གདམས་པའི་གཏེར། །དྲིན་ཅན་ཚར་བ་སྨྱོན་པ་ལ་གསོལ་བ་འདེབས། །གཙང་སྟོད་ཞྭ་ལུ་དཔལ་གྱི་ཆོས་གྲྭ་ཆེར། །གསང་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་མཛད་ཅིང་། །ཚར་ཆེན་ཆོས་རྗེའི་ཐུགས་བཅུད་བདུད་རྩིའི་རྒྱུན། །འཛིན་མཁས་མཁྱེན་བརྩེའི་དབང་ཕྱུག་ལ་གསོལ་བ་འདེབས། །གསུང་ངགས་སློབ་བཤད་ཆོས་འཁོར་ཡང་རྩེ་རུ། །ཁའུ་བར་གྲགས་འཁྲུལ་མེད་བསྟན་པའི་རྒྱུན། །རྣམ་པར་རྒྱས་མཛད་མཐུ་སྟོབས་ནུས་པའི་བདག །མཁས་གྲུབ་བསོད་ནམས་ཆོས་འཕེལ་ལ་གསོལ་བ་འདེབས། །རྗེ་བཙུན་གོང་མའི་ཕྱོགས་མེད་གདན་ས་རུ། །སྙན་བརྒྱུད་གདམས་པ་མཆོག་གི་བདུད་རྩི་ཡིས། །སྐལ་བཟང་འཆི་མེད་དགའ་སྟོན་སྤེལ་མཛད་པའི། །སྔགས་འཆང་དབང་ཕྱུག་རབ་བརྟན་ལ་གསོལ་བ་འདེབས། །ཕུན་ཚོགས་སློབ་བཤད་ཆོས་ཀྱི་སྡེ་ཆེན་པོར། །གསང་ཆེན་ཐེག་མཆོག་ཡིད་བཞིན་ནོར་བུ་ལས། །ལེགས་བཤད་འདོད་དགུའི་ཆར་ཆེན་འབེབས་མཁས་པའི། །མགོན་པོ་བསོད་ནམས་མཆོག་ལྡན་ལ་གསོལ་བ་འདེབས། །བདེ་བའི་རྡོ་རྗེའི་མི་འགྱུར་ཕོ་བྲང་ཆེར། །ཟབ་རྒྱས་ཆོས་ཚུལ་བྱེ་བའི་སྒོ་ཕྱེ་ནས། །སྐལ་ལྡན་གདུལ་བྱ་སྨིན་ཅིང་གྲོལ་མཛད་པའི། །འཇམ་དབྱངས་ཀུན་དགའི་མཚན་ཅན་ལ་གསོལ་བ་འདེབས། །དགའ་ལྡན་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེར། །རང་རང་གདུལ་བྱའི་བློ་དང་ལེགས་མཚམ་པར། །མདོ་སྔགས་བཤད་སྒྲུབ་ཆོས་ཚུལ་འདོམས་མཛད་པའི། །ངག་དབང་བློ་བཟང་རྒྱ་མཚོ་ལ་གསོལ་བ་འདེབས། ། ༈ དེ་ལྟར་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། །རིག་འཛིན་རིག་པ་བརྡ་ཡི་བརྒྱུད་པ་དང་། །གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་སྟེ། །དུས་གསུམ་རིག་འཛིན་བླ་མ་ལ་གསོལ་བ་འདེབས། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་དམ་པས་རྗེས་བཟུང་ཞིང་། །ཡང་གསང་ཁྲོས་པའི་རྣལ་འབྱོར་བསྒོམ་པའི་མཐུས། །ཁྲག་འཐུང་རྒྱལ་བོ་མྱུར་དུ་འགྲུབ་པར་ཤོག །སྒྲུབ་ཆེན་བཀའ་བརྒྱད་སྙིང་བོ་པདྨ་དབང་། །གསང་ལས་ཡང་གསང་ཁྲོས་བ་ཉིང་ཁུའི་རྒྱུད། །འཕགས་ཡུལ་གྲུབ་དབང་པདྨ་འབྱུང་གནས་དང་། །སྐད་གཉིས་སྨྲ་བའི་དབང་བོ་བེ་རོའི་ཞབས། །གངས་ཅན་གྲུབ་མཆོག་དཔལ་ལྡན་འདར་ཆར་གྱི། །ཐུགས་ཀྱི་ཉིང་ཁུ་ཞལ་གྱི་གདམས་པ་འདི། །དགོངས་པ་ཇི་བཞིན་འཁྲུལ་མེད་ལེགས་རྟོགས་ཏེ། །རྩེ་གཅིག་བརྩོན་པས་ཉམས་སུ་ལེན་པར་ཤོག །རྣམ་དག་དབང་བཞིས་བདག་རྒྱུད་ལེགས་སྨིན་ཅིང་། །རིམ་གཉིས་ཟབ་མོའི་རྟོགས་པ་ལྡན་བྱས་ནས། །གནས་སྐབས་ལས་བཞིའི་འཕྲིན་ཡས་ཀུན་འགྲུབ་སྟེ། །ཀུན་བཟང་དགོངས་པ་མངོན་དུ་འགྱུར་བར་ཤོག །ལྟེ་བའི་དབུས་གནས་མཆོག་གི་འོད་དམར་གྱིས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ། །མུན་ང་སྒྲོན་མེ་བཏེག་པ་ཇི་བཞིན་དུ། །གསལ་དང་སྣང་པའི་བསྐྱེད་རིམ་རྟོགས་པར་ཤོག །དེ་ལྟར་སྣང་བའི་བསྐྱེད་རིམ་ཐམས་ཅད་ཀུན། །ལེགས་པར་བརྟག་ཚེ་སྐྱེ་འགགས་གནས་གསུམ་དང་། །གདོད་ནས་བྲལ་བའི་སེམས་ཉིད་རིག་པའི་རྩལ། །སྟོང་ཉིད་རྫོགས་པའི་རིམ་པ་རྟོགས་པར་ཤོག །དེ་ནས་ཆུ་ཟླ་བར་སྣང་འཇའ་ཚོན་ལྟར། །སྣང་ཞིང་བརྟགས་ན་བདེན་པར་མ་གྲུབ་ཅིང་། །མེད་ཅིང་སྣང་བ་མི་འགག་གདོད་མའི་གཤིས། །ཟུང་འཇུག་ངང་ནས་སྐུ་གཉིས་མངོན་འགྱུར་ཤོག །དྲགས་པའི་རྒྱལ་བོ་གྱང་ཆེན་སྡེ་ལྔ་དང་། །གཟའ་གདོང་དྲག་པོ་གནོད་སྦྱིན་ལྕམ་དྲལ་སོགས། །ཇི་ལྟར་བསྒོས་པའི་བཀའ་ལས་མི་འདའ་བར། །གསང་ཆེན་བསྟན་པ་བསྲུང་བའི་མཐུ་ལྡན་ཤོག །མཁའ་ལ་རིག་འཛིན་བརྒྱུད་པའི་ཆར་སྤྲིན་གཏིབས། །བར་ལ་རྣམ་འབྱོར་གསང་སྔགས་འབྲུག་སྟོང་སྒྲོགས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་གྱིས། །སྒྲུབ་མཆོག་ཕུན་ཚོགས་འབྲས་བུ་འགྲུབ་པར་ཤོག །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn