འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུད་གསོལ་འདེབས།

    སྤེལ་དུས།  2016-08-16 11:44:55         ཀློག་ཐེངས།  

        412277197090592625.jpg

 

       ༄༅།།ན་མོ་གུ་རུ་བཛྲ་བྷཻ་ར་ཝ་ཡ། ཁྱབ་བདག་འཇམ་པའི་རྡོ་རྗེ་གཤིན་རྗེའི་གཤེད། །མགོན་དེའི་དགྱེས་པ་ཀུན་བསྐྱེད་མཁའ་འགྲོའི་གཙོ། །ཟུང་འཇུག་གོ་འཕང་མངོན་གྱུར་ལཱ་ལི་ཏ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གྲུབ་མཆོག་དོན་ཡོད་རྡོ་རྗེ་ཡེ་ཤེས་སྦས། །རླུང་སེམས་དབང་བསྒྱུར་པདྨ་བཛྲ་དང༌། །མདོ་རྒྱུད་མངའ་བདག་མར་མེ་མཛད་པའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཐུ་སྟོབས་དབང་ཕྱུག་རྭ་ལོ་རྡོ་རྗེ་གྲགས། །འཇིག་རྟེན་མིག་གྱུར་ཆོས་རབ་དེའི་སྲས་མཆོག །དཔལ་ལྡན་ཡེ་ཤེས་སེངྒེ་འབུམ་སེང་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བདུད་བཞིའི་གཡུལ་བཟློག་རྗེ་བཙུན་རྒ་ལོ་དང༌། །ཀུན་མཁྱེན་ཤེས་རབ་སེངྒེ་ཡེ་ཤེས་དཔལ། །དོན་གཉིས་ལྷུན་གྱིས་གྲུབ་པའི་རིན་པོ་ཆེ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །མཁས་གྲུབ་དམ་པ་ཤེས་རབ་སེངྒེ་དང༌། །ཟུང་འཇུག་མཆོག་བརྙེས་དཔལ་ལྡན་བཟང་པོའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མདོ་རྒྱུད་བསྟན་པའི་མངའ་བདག་དགེ་འདུན་འཕེལ། །རྒྱུད་དོན་ཇི་བཞིན་གཟིགས་པ་བཀྲ་ཤིས་འཕགས། །དོན་གཉིས་ལྷུན་གྲུབ་བསམ་འགྲུབ་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡོངས་རྫོགས་བསྟན་པའི་མངའ་བདག་བརྩོན་འགྲུས་འཕགས། །ལེགས་བཤད་འབྱོར་བའི་མཛོད་འཛིན་རྡོ་རྗེ་ཞབས། །གདམས་པའི་གཏེར་མཛོད་སངས་རྒྱས་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བསྟན་པའི་ཉི་མ་པཎ་ཆེན་ཐམས་ཅད་མཁྱེན། །རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཞབས། །སྣང་བ་མཐའ་ཡས་བློ་བཟང་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྤྱན་རས་གཟིགས་དངོས་སྐལ་བཟང་རྒྱ་མཚོའི་སྡེ། །མཁས་གྲུབ་གཙུག་རྒྱན་རོལ་བའི་རྡོ་རྗེ་ཞབས། །སེམས་དཔའ་ཆེན་པོ་ངག་དབང་བློ་བཟང་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྨྲ་བའི་དབང་ཕྱུག་བློ་བཟང་དར་རྒྱས་ཞབས། །བློ་བཟང་བསྟན་པའི་རྒྱལ་མཚན་འཛིན་པའི་རྗེ། །རྡོ་རྗེ་འཆང་དངོས་ཚུལ་ཁྲིམས་ཕུན་ཚོགས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བློ་བཟང་འཕྲིན་ལས་བསྟན་པ་རྒྱལ་མཚོའི་ཞབས། །འཁོར་ལོའི་མགོན་པོ་བྱམས་པ་བཟང་པོ་དང་། །བཀའ་དྲིན་མཉམ་མེད་བློ་བཟང་འོད་ཟེར་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །མ་རུངས་གདུལ་དཀའ་མཐའ་དག་འདུལ་བའི་ཕྱིར། །འཇིགས་བྱེད་ཁྲོ་བོ་ཆེན་པོའི་སྐུར་སྟོན་པ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དེ་ལྟར་བསྟོད་པས་བྱང་ཆུབ་སྙིང་བོའི་བར། །འགལ་རྐྱེན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད་ལ་སོགས། །དངོས་གྲུབ་ཀུན་གྱིས་རྟག་ཏུ་འབྱོར་གྱུར་ཅིག །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །འཇམ་དཔལ་དཔའ་བོའི་དགྱེས་བཞིན་རྗེས་བཟུང་སྟེ། །རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་གྱུར་ཅིག ། ཡང་ན། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །མཁས་གྲུབ་དམ་པ་ཆོས་ཀྱི་རྒྱལ་མཚན་དང་། །རྡོ་རྗེ་སྐུ་བརྙེས་ཆོས་ཀྱི་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་བ། །ལོངས་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་ཞབས། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ངག་གི་དབང་ཕྱུག་བློ་བཟང་རྒྱལ་མཚོའི་སྡེ། །རྒྱལ་བ་རྒྱ་མཚོ་ངག་དབང་བྱམས་པའི་དཔལ། །རྩ་བའི་བླ་མ་དགེ་ལེགས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རིགས་ཀུན་ཁྱབ་བདག་ཟུང་འཇུག་རྡོ་རྗེ་འཆང་། །མཚན་ལྡན་བཤེས་གཉེན་མཆོག་གི་རྣམ་རོལ་བ། །རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་ ཅེས་པ་ནས་ བདེ་བླག་ཐོབ་གྱུར་ཅིག །

                               རྩོམ་སྒྲིག་པ།     ནོར་བཟང་རྒྱ་མཚོ།

གསལ་འདེབས། 
      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                  དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།