རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་མ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-16 11:28:15         ཀློག་ཐེངས།  

       དལ་འབྱོར་གྲུ་ཆེན་མི་རྟག་དྲན་པ་ཡི། །བ་དན་དཀར་པོ་བསྐྱོད་པའི་ལས་འབྲས་ཀྱི། །བླང་དོར་མཐུན་པའི་རླུང་གིས་རབ་བསྐུལ་ནས། །འཇིགས་རུང་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །བསླུ་མེད་སྐྱབས་མཆོག་གཙུག་གི་ནོར་བུ་བསྟེན། །མར་གྱུར་འགྲོ་བའི་དོན་ཆེན་སྙིང་ལ་ཞུགས། །རྡོར་སེམས་བདུད་རྩིས་ཉེས་པའི་དྲི་མ་འཁྲུད། །རྗེ་བཙུན་བླ་མའི་ཐུགས་རྗེས་སྐྱོངས་པར་ཤོག །ཡིད་འོང་རྒྱལ་ཡུམ་ཕྱི་ཡི་རྣལ་འབྱོར་མ། །བཾ་ཡིག་ནང་གི་རྡོ་རྗེ་བཙུན་མོ་མཆོག །སེམས་ཉིད་སྟོང་གསལ་གསང་བའི་མཁའ་སྤྱོད་ཡུམ། །རང་ཞལ་མཐོང་ནས་རྩེ་དགས་རོལ་བར་ཤོག །སྣོད་ཀྱི་འཇིག་རྟེན་ཨེ་ཡིག་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་བཾ་ཡིག་རྣལ་འབྱོར་མ། །ཟུང་འཇུག་བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །ཅིར་སྣང་དག་པའི་སྣང་བ་འཆར་བར་ཤོག །དེ་ལྟར་ཕྱོགས་དང་ཟླ་བའི་རྣལ་འབྱོར་གྱིས། །ནམ་ཞིག་དུས་ན་དགའ་མ་བྱུ་རུའི་མདོག །ལི་ཁྲིའི་སྐྲ་གྲོལ་དམར་སེར་མིག་གཡོ་བས། །མངོན་སུམ་རིག་འཛིན་གྲོང་དུ་ཁྲིད་པར་ཤོག །སིན ུར་ལིངྐ་ལི་ཡི་སྡོང་བུར་བཅས། །རོ་ལྡན་གནས་སུ་བསྒྲུབ་ཅིང་ཡུལ་ཀུན་ཏུ། །ཉུལ་བས་གང་གི་མཛོད་སྤུར་འཁྱིལ་རིས་ཅན། །འཕོས་བས་མཛེས་མས་མཁའ་སྤྱོད་འཁྲིད་པར་ཤོག །ནང་གི་ཕག་མོས་གཟུང་འཛིན་འཁྲི་ཤིང་བཅོམ། །མཆོག་གི་ངྷུ་ཏཱིར་ཞུགས་པའི་གར་མཁན་མ། །ཚངས་པའི་སྒོ་ནས་སྤྲིན་ལམ་དབྱིངས་སུ་ཐོན། །ཁྲག་འཐུང་དཔའ་བོར་འཁྱུད་ཅིང་རོལ་བར་ཤོག །ལྟེ་བའི་པདྨོར་རླུང་ལྔའི་ཏི་ལ་ཀ །རྩེ་གཅིག་བསྒོམས་པའི་ཁ་སྦྱོར་རྣལ་འབྱོར་གྱིས། །ལུས་སེམས་རྩ་ལ་དྲི་བཞོན་ཞུགས་པ་ཡིས། །བདེ་བ་མཆོག་གིས་བདག་རྒྱུད་ཚིམ་པར་ཤོག །ཐ་མལ་འོད་ཀྱི་གཏུམ་མོ་མཛེས་ལྡན་མ། །ངྷུ་ཏཱིར་འཛུམ་དཀར་བཞད་པའི་རོལ་རྩེད་ཀྱིས། །ཧཾ་ཡིག་གཞོན་ནུ་ཡོངས་སུ་མཉེས་བྱས་ནས། །ཟུང་འཇུག་བདེ་བ་ཆེན་པོའི་ས་ཐོབ་ཤོག །སྐྱེ་འགགས་གནས་གསུམ་བྲལ་བ་གདོད་མའི་གཤིས། །སྟོང་གསལ་བརྗོད་དུ་མེད་པ་གཉུག་མའི་ངང་། །ཟུང་འཇུག་བློ་འདས་རང་སེམས་རྣལ་འབྱོར་མ། །རང་ངོ་ཤེས་ནས་རྟག་ཏུ་སྐྱོངས་པར་ཤོག །རྩ་རླུང་ཐིག་ལེ་ཨེ་ཝཾ་དབྱིངས་སུ་ཐིམ། །སེམས་ཉིད་བདེ་ཆེན་ཆོས་སྐུའི་དཔལ་ཐོབ་ནས། །བགྲང་ཡས་གཟུགས་སྐུའི་རྣམ་རོལ་གྲངས་མེད་ཀྱིས། །ནམ་མཁའི་མཐའ་ཀླས་འགྲོ་འདི་སྐྱོངས་པར་ཤོག །ཞེས་ཚར་ཆེན་གྱིས་གསུངས་སོ།

                                                           རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
                                  གསལ་འདེབས། 
                                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                                       དྲ་བའི་སྦྲེལ་ཐགhttp://www.tb1025.cn
 


བརྒྱུད་འགོད།