དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་དགེ་ལེགས་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།
རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཞོན་ནུ་ཡིས།།
བློ་གྲོས་པད་མོ་སྟོང་གི་འདབ་གྲོལ་བ།།
འཇིགས་མེད་སྨྲ་བའི་དཔལ་ལྡན་ཆོས་ཀྱི་རྗེ།།
བསྟན་འཛིན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
འཆད་རྩོད་རྩོམ་པའི་གཡས་འཁྱིལ་དུང་སྒྲ་ཡིས།།
སྲིད་གསུམ་འཁོར་ལོར་འགེངས་པའི་དཔལ་ལྡན་པས།།
མཁས་གྲུབ་བྱེ་བའི་ཟུར་ཕུད་ལ་འགྱིང་བ།།
བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས།།
བསླབ་ཁྲིམས་རྣམ་དག་གསེར་གྱི་ཡུ་བ་བརྟན།།
གཡོ་མེད་ཏིང་འཛིན་དར་གྱི་ཤམ་བུ་གཡོ།།
གནས་ལུགས་རྟོགས་པའི་ཤེས་རབ་ཏོག་གིས་མཛེས།།
ཐུབ་བསྟན་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས།།
འཇམ་མགོན་བཤད་སྒྲུབ་བསྟན་པའི་ཉི་མ་མཆོག།།
མི་ནུབ་རིང་དུ་སྐྱོང་བའི་ཐུགས་བསྐྱེད་ཅན།།
འགྲོ་བའི་མགོན་སྐྱབས་མཆོག་གི་གཙུག་རྒྱན་དུ།།
ཞབས་པད་གཡོ་མེད་བརྟན་པར་བཞུགས་སུ་གསོལ།།
བདག་ཅག་བུ་སློབ་ཀུན་གྱི་སྡུག་ཀུན་ནད།།
སེལ་མཛད་དམ་ཆོས་བླ་ན་མེད་པའི་སྨན།།
ལེགས་པར་སྩོལ་མཛད་ཐེག་མཆོག་དགེ་བའི་བཤེས།།
གང་གི་ཞབས་ཟུང་མི་འཇིག་རྡོ་རྗེའི་ཁྲིར།།
བསྐལ་བ་རྒྱ་མཚོའི་བར་དུ་རྟག་བརྟན་ཅིང་།།
བརྩེ་ཆེན་སྙིང་རྗེའི་སྤྲིན་སྔོན་གདེངས་ཀ་ནས།།
ཟབ་རྒྱས་ལེགས་བཤད་གྲུ་ཆར་འདོད་འཇོ་བས།།
གསུང་གི་གསང་བ་ཟབ་མོའི་སྣོད་གྱུར་ཅིག།
མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ།།
མགོན་ཁྱོད་བཤེས་གཉེན་དམ་པས་རྗེས་བཟུང་སྟེ།།
བསྟན་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་ནས།།
གཏན་བདེའི་དགའ་སྟོན་དཔལ་ལ་རོལ་གྱུར་ཅིག།
དགེ་འདིས་ཕན་བདེ་འབྱུང་བའི་གནས་གཅིག་པུ།།
དགེ་ལྡན་བཤད་སྒྲུབ་དབྱར་མཚོ་ལྟར་འཕེལ་ཞིང་།།
འགྲོ་ཀུན་བདེ་སྐྱིད་རྫོགས་ལྡན་དཔལ་ལ་རོལ།།
བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག།
ཅེས་སྐྱབས་རྗེ་གུང་ཐང་བདུན་པ་ཆེན་པོའི་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་དགེ་ལེགས་འདོད་འཇོ་ཞེས་བྱ་བ་འདི་ནི་མཛོད་དགེ་སྒར་རྙིང་དགོན་པའི་བླ་མ་ལས་སྣེ་དོ་དམ་ཁང་དགེ་འདུན་པ་་སྤྱི་དང་དམངས་ཚོགས་ཡོངས་ཀྱིས་འདི་འདྲ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བ་ལ་བརྟེན་ནས༧བསེ་སྐྱེས་མིང་བ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ནས་རབ་རྒྱན་ཤིང་ལུག་ལོའི་ཧོར༢༠༡༥ཟླ༡༢ཚེས༡༦ལ་བྲིས་པ་དགེའོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn