ཚེ་རབས་རྗེས་འཛིན་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།
༄༅།།རབ་མཛེས་ལི་ཁྲིའི་མདངས་འཛིན་འོད་སྟོང་ལྡན།།
རབ་དཀར་ཞལ་གསུམ་ཕྱག་བརྒྱད་མཛེས་པའི་སྐུ།།
རབ་འབྱམས་རྒྱལ་བའི་ཡུམ་མཆོག་ཏཱ་རེ་མ།།
ཚེ་ཡི་ལྷ་མཆོག་གསུམ་གྱིས་དངོས་གྲུབ་སྩོལ།།
འཇིགས་མེད་སྨྲ་བའི་བཤེས་གཉེན་མཁྱེན་བརྩེའི་གཏེར།།
བློ་བཟང་རྒྱལ་བའི་རིང་ལུགས་པད་མོའི་གཉེན།།
རྨད་བྱུང་སྨོན་ལམ་སྟོང་གི་འཛུམ་ཟེར་ཅན།།
དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་རྒྱལ།།
ཐེག་མཆོག་བཤེས་གཉེན་གངས་རི་ལས་འོངས་པའི།།
སྡེ་སྣོད་གཞུང་བརྒྱའི་ཆུ་ཀླུང་ཀུན་འཐུངས་ཤིང་།།
འཆད་རྩོད་རྩོམ་པའི་རླབས་ཕྲེང་གཡོ་བ་ཅན།།
མཁས་མཆོག་བཤེས་གཉེན་ཞབས་ལ་གསོལ་བ་འདེབས།།
སྡོམ་གསུམ་ཡིད་བཞིན་དབང་གི་ནོར་བུ་དེ།།
དྲན་ཤེས་བག་ཡོད་བདུད་རྩིའི་ཁྲུས་ཆབ་ཀྱིས།།
ཉེས་ལྟུང་དྲི་མས་སྦགས་པ་དང་བྲལ་བ།།
འདུལ་འཛིན་བཤེས་གཉེན་མཆོག་ལ་གསོལ་བ་འདེབས།།
རང་དོན་རྒྱ་མཚོའི་རླབས་ལས་གྲོལ་བ་ཡི།།
གཞན་དོན་གྲུ་གཟིངས་ཆེན་པོར་ལེགས་བརྟེན་པའི།།
ཕྱིན་དྲུག་བསྡུ་བཞིའི་རིན་ཆེན་འདྲེན་པའི་མཆོག།།
བཤེས་གཉེན་བཟང་བོའི་ཞབས་ལ་གསོལ་བ་འདེབས།།
རྣམ་དག་དབང་བཞིའི་བང་རིམ་མངོན་པར་མཐོ།།
རིམ་གཉིས་ཉི་ཟླ་ཟུང་གི་རྣ་ཆ་གཡོ།།
ཟུང་འཇུག་ནོར་བུའི་ཏོག་གིས་རབ་མཛེས་པ།།
བླ་མ་རྡོ་རྗེ་འཛིན་ལ་གསོལ་བ་འདེབས།།
ཕྱིན་ཅི་ལོག་གིས་དམ་དུ་བཅིངས་པ་ཡི།།
ཉམ་ཐག་འགྲོ་ལ་སྙིང་ནས་བརྩེ་བའི་ཕྱིར།།
གཞོམ་གཞིག་ཡོངས་བྲལ་རྡོ་རྗེ་སྙིང་བོར་ཁྲིར།།
སྐུ་ཚེ་བརྒྱ་ཕྲག་བསྐལ་བར་རྟག་བརྟན་ཤོག།
ཚེ་དང་ཡེ་ཤེས་དཔག་མེད་བླ་མ་མཆོག།།
ཚེ་རབས་ཀུན་ཏུ་བདག་ཅག་རྗེས་སུ་ཟུངས།།
ཚེ་རབས་ཕྲེང་བར་ཚུལ་བཞིན་ལེགས་བསྟེན་ནས།།
ཚེ་དཔག་མེད་བཞིན་ཡོན་ཏན་རྫོགས་པར་ཤོག།
ཅེས་པ་འདི་ནི་བདག་གི་བཀའ་དྲིམ་གསུམ་ལྡན་གྱི་བླ་མ་ཡོངས་འཛིན་རྡོ་རྗེ་འཆང་ ༧ རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཞལ་སྔ་ནས་ཀྱི་ཞབས་བརྟན་གསོལ་འདེབས་དང་འབྲེལ་བའི་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་འདི་བཞིན་དགོས་ཞེས་མཛོད་དགེ་སྒར་སར་དགོན་གྱི་དགེ་འདུན་པ་སྤྱི་དང་ཁྱད་པར་དོ་དམ་མི་སྣ་སོགས་ཀྱིས་ཡང་ཡང་བསྐུལ་བ་དང་། མགོན་པོ་གང་དེའི་ཐུགས་རྗེའི་ཉི་འོད་ལ་བསྟེན་པའི་གུས་སློབ་ཁྲི་གུང་ཐང་སྤྲུལ་མིང་བ་ ༧ བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་དུ་འབོད་པས་རབ་བྱུང་བཅུ་བདུན་པ་མེ་ཕོ་སྤྲེལ་ལོའི་དབོ་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པར་དད་པས་སྦྱར་བའི་དགེས་བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་རྒྱུར་གྱུར་ཅིག། །། སརྦ་མངྒ་ལཾ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn