སྨོན་ལམ་ཐེམ་སྐས་མ་བཞུགས་སོ།།
ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
ཐུགས་རྗེའི་བདག་ཉིད་བླ་མ་དང་།།
དཀོན་མཆོག་གསུམ་དང་ཡི་དམ་ལྷ།།
ལྷ་ཡི་དྲང་སྲོང་མངོན་ཤེས་ཅན།།
ལྷག་པའི་སྨོན་ལམ་འགྲུབ་པར་ཤོག།
མིར་གྱུར་ཡུལ་དབུས་སྐྱེས་པ་དང་།།
དབང་བོ་ཚང་ཞིང་གནས་ལ་དད།།
དེ་བཞིན་ལས་མཐའ་མ་ལོག་པའི།།
རང་འབྱོར་ལྔ་དང་ལྡན་པར་ཤོག།
སངས་རྒྱས་བྱོན་དང་དམ་ཆོས་གསུང་།།
བསྟན་པ་གནས་དང་དེ་རྗེས་འཇུག།
གཞན་ཕྱིར་རྟག་ཏུ་སྙིང་བརྩེ་བའི།།
གཞན་འབྱོར་ལྔ་དངལྡན་པར་ཤོག།
དམྱལ་བ་ཡི་དྭགས་དུད་འགྲོ་དང་།།
ཚེ་རིང་ཀླ་ཀློ་ལོག་ལྟ་དང་།།
སངས་རྒྱས་ཀྱིས་སྟོང་ལྐུགས་པ་སྟེ།།
མི་ཁོམ་བརྒྱད་ལས་ཐར་བར་ཤོག།
དད་པ་དང་ནི་གཏོང་བ་དང་།།
ཐོས་དང་ཚུལ་ཁྲིམས་བླ་ན་མེད།།
ཁྲེལ་ཡོད་ངོ་ཚ་ཤེས་པ་དང་།།
འཕགས་ནོར་བདུན་དང་ལྡན་པར་ཤོག།
སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི།།
འཆད་རྩོད་འཁྲུལ་བ་མི་མངའ་བའི།།
ཐུགས་རྗེའི་རྒྱུན་ཆད་མེད་པ་དང་།།
བླ་མ་རྣམས་དང་འཇལ་བར་ཤོག།
དེས་གསུངས་སོ་ཐར་བྱང་སེམས་དང་།།
རིག་འཛིན་སྔགས་ཀྱི་བསླབ་བྱ་རྣམས།།
ཇི་ལྟར་མནོས་བཞིན་བསྲུང་པ་དང་།།
གོང་ནས་གོང་དུ་འཕེལ་བར་ཤོག།
གསལ་སྟོང་དབྱེར་མེད་རྟོགས་པ་དང་།།
སྣང་སྟོང་ཟུང་དུ་འཇུག་པ་དང་།།
བདེ་སྟོང་བླ་ན་མེད་པ་དང་།།
སྒྲིབ་གཉིས་བག་ཆགས་དག་པར་ཤོག།
འདོད་པ་ཆུང་ཞིང་ཆོག་ཤེས་དང་།།
བྱང་ཆུབ་སེམས་དང་ལྡན་པ་ཡིས།།
ལོག་པའི་འཚོ་བ་ཀུན་སྤངས་ནས།།
ཆོས་ཀྱི་འཚོ་བས་འཚོ་བར་ཤོག།
གང་ཞིག་དགྲ་བཅོམ་ཕ་མ་གསོད།།
མཐུན་པའི་དགེ་འདུན་དབྱེན་བྱེད་ཅིང་།།
དེ་བཞིན་གཤེགས་པའི་སྐུ་ཁྲག་འབྱིན།།
མཚམས་མེད་ལྔ་ལས་ཐར་བར་ཤོག།
མཆོད་རྟེན་བཤིག་དང་བྱང་སེམས་གསོད།།
དགེ་སློང་མ་རྣམས་སུན་འབྱིན་ཅིང་།།
སློབ་དཔོན་གསོད་ཅིང་ཆོས་ནོར་རྐུ།།
ཉེ་བ་ལྔ་ལས་ཐར་བར་ཤོག།
གསོད་རྐུ་རྫུན་དང་འདོད་ལོག་སྤྱོད།།
ཕྲ་མ་ཚིག་རྩུབ་ངག་འཁྱལ་སྨྲ།།
བརྣབ་སེམས་གནོད་སེམས་ལོག་ལྟ་སོགས།།
མི་དགེ་བཅུ་ལས་ཐར་བར་ཤོག།
མནར་མེད་རབ་ཚ་ཚ་བ་དང་།།
ངུ་འབོད་ཆེ་དང་ངུ་འབོད་ཆུང་།།
བསྡུས་འཇོམས་ཐིག་ནག་ཡང་སོས་སྟེ།།
ཚ་དམྱལ་བརྒྱད་ལས་ཐར་བར་ཤོག།
ཆུ་བུར་ཅན་དང་ཆུ་བུར་བརྟོལ།།
སོ་ཐམ་ཨ་ཆུ་ཀྱི་ཧུད་དང་།།
ཨུཏྤལ་པདྨ་ལྟར་གས་སྟེ།།
གྲང་དམྱལ་བརྒྱད་ལས་ཐར་བར་ཤོག།
ཉི་ཚེ་ཉེ་འཁོར་རོ་མྱག་འདམ།།
མི་གཙང་འདམ་དང་མེ་དམུར་འོབ།།
ཆུ་བོ་རབས་མེད་ཤལ་མ་ལའི།།
དེ་དག་གནས་ལས་ཐར་བར་ཤོག།
ཕྱི་སྒྲིབ་ཅན་དང་ནང་སྒྲིབ་ཅན།།
ཟས་སྐོམ་གཉིས་ཀའི་སྒྲིབ་པ་ཅན།།
མེ་ལྕེ་འཁོར་ལོ་ཅན་ལ་སོགས།།
ཡི་དྭགས་གནས་ལས་ཐར་བར་ཤོག།
བྱིང་ན་གནས་དང་ཁ་འཐོར་དང་།།
ཀླེན་ལྐུག་གཅིག་ལ་གཅིག་ཟ་དང་།།
གསོད་སྤྱོད་བཀོལ་བརྡུང་བྱེད་པ་སྟེ།།
དུད་འགྲོའི་གནས་ལས་ཐར་བར་ཤོག།
ལྷ་ལ་འཕོ་དང་ལྟུང་བ་དང་།།
ལྷ་མ་ཡིན་ལ་འཐབ་རྩོད་དང་།།
མི་ལ་སྐྱེ་རྒ་ན་འཆི་སོགས།།
སྡུག་བསྔལ་ཀུན་ལས་ཐར་བར་ཤོག།
འཇམ་པའི་དབྱངས་ཀྱི་ཤེས་རབ་དང་།།
སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་།།
ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱིས།།
བདེ་བ་ཅན་དུ་སྐྱེ་བར་ཤོག།
ཤཱ་རིའི་བུ་ཡི་བསླབ་བ་དང་།།
མོའུ་འགལ་བུ་ཡི་རྫུ་འཕྲུལ་དང་།།
ཀུན་དགའ་བོ་ཡི་ཐོས་པ་ཡིས།།
བདེ་བ་ཅན་དུ་སྐྱེ་བར་ཤོག།
ཀླུ་སྒྲུབ་སྙིང་བོའི་མཁྱེན་པ་དང་།།
ས་ར་ཧ་ཡི་རྟོགས་པ་དང་།།
འབུ་ར་བ་ཡི་ནུས་མཐུ་ཡིས།།
བདེ་བ་ཅན་དུ་སྐྱེ་བར་ཤོག།
དཀོན་མཆོག་གསུམ་གྱི་བདེན་པ་དང་།།
སངས་རྒྱས་བྱང་ཆུབ་བྱིན་རླབས་དང་།།
ཚོགས་གཉིས་ཡོངས་རྫོགས་མངའ་ཐང་དང་།།
ཆོས་ཉིད་བདེན་པས་འགྲུབ་པར་ཤོག།
དགེ་བའི་རྟ་ལ་རབ་ཞོན་ནས།།
སྨོན་ལམ་སྲབ་ཀྱིས་ཁ་ལོ་བསྒྱུར།།
བརྩོན་འགྲུས་ལྕག་གིས་མྱུར་བསྐུལ་ནས།།
ཐར་བའི་གླིང་དུ་བགྲོད་པར་ཤོག།
སྤངས་རྟོགས་མཐར་ཕྱིན་སངས་རྒྱས་དང་།།
ལུང་དང་རྟོགས་པའི་དམ་པའི་ཆོས།།
ས་བཅུ་བྱང་སེམས་དགེ་འདུན་ཏེ།།
དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ལྷག་པའི་སྨོན་ལམ་ཐེམ་སྐས་མ་འདི། ཉིན་རེ་བཞིན་དུ་མ་ཆད་པར་བཏོན་ན། བསྐལ་བ་སྟོང་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་ས་ལ་བཀོད་པར་ཐེ་ཚོམ་མེད་དོ། །མངྒ་ལཾ།། །།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn