སེང་གདོང་མའི་བཟློག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-14 22:29:31     རྩོམ་པ་པོ།   རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་    ཀློག་ཐེངས།  

     ༄༅།།སྭསྟི།སྭཱབྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་རང་གི་སེམས་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ལས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན། མགྲིན་པ་ཡན་ཆད་སེང་གེ་དྲག་ཏུ་ཁྲོས་པའི་གདོང་པ་དཀར་པོ།མགྲིན་པ་མན་ཆད་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས།གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ།ཐོད་སྐམ་ལྔའི་དབུ་རྒྱན་དང༌།མགོ་རློན་ལྔ་བཅུའི་དོ་ཤལ་འཕྱང་བ། མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་ཤིང༌།སྟག་ལྤགས་ཀྱི་ཤམ་ཐབས་ཅན།ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡས་པའི་རྟིང་པ་བརླ་ལ་བརྟེན་ཅིང༌། གཡོན་བརྐྱངས་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ།མགྲིན་པར་ཨཱ།།ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་འདྲ་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས།ཛཿཧཱུཾ་བཾ་ཧོཿ།གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར།།ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་ས་པ་རི་ཝཱ་རྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན། །སྒྲུབ་པ་པོ་ལ་མ་གཡེལ་བུ་བཞིན་གཟིགས། །གནས་གསུམ་མཁའ་འགྲོའི་གཙོ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར། ཨ། །ཀ། །ས། །མ། །ར། །ཙ། །ཤ། །ད། །ར། །ས། །མ། །ར། །ཡ། །ཕཊ། ཅེས་ལོ་གྲངས་སམ།བརྒྱ་རྩ་ཙམ་ཟླས།དེ་ནས་ཐལ་མོ་གཉིས་ཉི་ཟླའམ་གནམ་ལྕགས་ཀྱི་སྤྱོད་པས།༈ན་མོ།སངས་རྒྱས་ཀྱི་བཀའ་བདེན་པ་དང༌།ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་གྱི་བཀའ་བདེན་པ་དང༌། མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི། ལོ་སྐེགཟླ་སྐེགཞག་སྐེགརྨི་ལམ་ངན་པ་མཚན་མ་ངན་པ་ལྟས་ངན་པ་ནད་གདོན་དགྲ་བགེགས་མི་དང་མི་མ་ཡིན་པས་གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་མཱ་རཱ་ཡ་ཕཊ། །ཅེས་མན་ངག་བཞིན་ཐལ་མོ་བརྡབ། མཇུག་ཏུ། ༈ ། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ནག་ཕྱོགས་བདུད་སྡེའི་བྲག་རི་འཇོམས་པ་ལ། །མཐུ་སྟོབས་གནམ་ལྕགས་འབེབས་ལ་ཟླ་བྲལ་བ། །དམ་ཅན་ཆོས་སྲུང་རྣམས་ཀྱི་འཕྲིན་ལས་ལས། །རེ་འབྲས་དོན་དང་ལྡན་པའི་དངོས་གྲུབ་སྩོལ། །སྡེ་འདིར་བྱིན་རླབས་དཔལ་འབྱོར་མི་ཉམས་ཤིང༌། །བསམ་སྦྱོར་ངན་པའི་གདུག་རྩུབ་ཞི་བ་དང༌། །བསླབ་གསུམ་རྣམ་དག་བསྟན་པའི་ཁུར་འཛིན་པའི། །དགེ་འདུན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །འདི་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའོ།།


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།