བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་བཞུགས་སོ། །
དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །
རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །
ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །
སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །
མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། །
རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །
བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །
བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །
ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །
སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌། །
གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །
མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ། །
ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང༌། །
དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །
དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །
བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །
གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །
ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང༌། །
ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །
སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །
སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །
ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །
མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །
བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །
རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །
ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །
ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། །
ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ། །
རྣམ་དག་འོད་གསལ་དབྱིངས་ལས་བཞེངས་པ་ཡི། །
ཟུང་འཇུག་སྐུ་ལ་འཆར་ནུབ་མི་མངའ་ཡང༌། །
ཐ་མལ་སྣང་ངོར་གཟུགས་སྐུ་རགས་པའི་ཉི། །
སྲིད་མཐའི་བར་དུ་མི་ནུབ་བརྟན་པར་བཞུགས། །
བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང༌། །
ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །
བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །
ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །
རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །
སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
ཨི་དཾ་གུ་རུ་རཏྣ་མཎྜལ་ཁཾ་ནིརྻ་དཱ་ཡ་མི།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །
བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ། །
བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །
དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང༌། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །
སྐྱབས་གནས་ཀུན་འདུས་བླ་མ་སངས་རྒྱས་ལ། །
སྒོ་གསུམ་གུས་པས་སྒོ་ནས་གསོལ་བ་འདེབས། །
རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཅི་འགྲུབ་བཟླ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །
བདག་གི་སྙིང་ཁར་པདྨའི་སྟེང་བཞུགས་ལ། །
བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །
ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་བས། །
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །
རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །
སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །
དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །
ཅི་མཛད་ལེགས་པར་མཐོང་ནས་མོས་གུས་ཀྱིས། །
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །
སྐྱེ་བ་ཀུན་ཏུXXXགོ་འཕང་མྱུར་ཐོབ་ཤོག །